ཧན་ཀྲིན་གྱིས་ཁུ་ཝེ་ཐེ་རུ་འཚམས་འདྲི་བྱས།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ས་དེའི་དུས་ཚོད་ཟླ11པའི་ཚེས1ཉིན་ནས་ཚེས2ཉིན་བར། ཁུ་ཝེ་ཐེའི་རྒྱལ་རྒྱུད་སཱ་པཱ་ཧི་ཡི་གདན་ཞུ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཁུ་ཝེ་ཐེ་རུ་འཚམས་འདྲི་བྱས། འདི་ནི་ཟླ11པའི་ཚེས2ཉིན། ཧན་ཀྲིན་གྱིས་ཁུ་ཝེ་ཐེ་གྲོང་ཁྱེར་དུ་ཁུ་ཝེ་ཐེའི་འགོ་ཁྲིད་མཱིས་ཧྲ་ལི་དང་གྲོས་མོལ་བྱེད་པའི་ཚུལ་རེད།

ས་དེའི་དུས་ཚོད་ཟླ11པའི་ཚེས1ཉིན་ནས་ཚེས2ཉིན་བར། ཁུ་ཝེ་ཐེའི་རྒྱལ་རྒྱུད་སཱ་པཱ་ཧི་ཡི་གདན་ཞུ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཁུ་ཝེ་ཐེ་རུ་འཚམས་འདྲི་བྱས་ཤིང་། ཁུ་ཝེ་ཐེ་གྲོང་ཁྱེར་དུ་སོ་སོར་ཁུ་ཝེ་ཐེའི་འགོ་ཁྲིད་མཱིས་ཧྲ་ལི་དང་། རྒྱལ་རྒྱུད་སཱ་པ་ཧི། དབུ་བཞུགས་བློན་ཆེན་ཨེ་ཧ་མའེ་ཏི་བཅས་དང་གྲོས་མོལ་བྱས།

མཱིས་ཧྲ་ལི་དང་ཐུག་འཕྲད་བྱེད་སྐབས། ཧན་ཀྲིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཁྲིད་མཱིས་ཧྲ་ལི་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་སྒྲོག་བྱས། ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཁུ་ཝེ་ཐེའི་མཛའ་འབྲེལ་གཅེས་འཛིན་དང་། འཕེལ་རྒྱས་ཐད་ཀྱི་ཁུ་ཝེ་ཐེའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཡོད། 2022ལོའི་ཚུན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོ་དང་ལྷན་དུ་གྲོས་མོལ་ཐེངས་གཉིས་བྱས་ཏེ་ཐུན་མོང་ངོས་འཛིན་གལ་ཆེན་རབ་དང་རིམ་པ་ལེགས་འགྲུབ་བྱུང་ནས། ཀྲུང་གོ་དང་ཁུ་ཝེ་ཐེའི་འབྲེལ་བ་སྔར་ལས་མཐོ་བའི་འཕེལ་རྒྱས་ཆུ་ཚད་དུ་སླེབས་པར་འཐབ་ཇུས་སྣེ་ཁྲིད་འདོན་སྤྲོད་གནང་། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཀྲུང་གོས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པའི་བརྡ་རྟགས་གསལ་སྟོན་བྱས་པ་དེས། ཀྲུང་གོ་དང་ཁུ་ཝེ་ཐེའི་འབྲེལ་བའི་འཕེལ་རྒྱས་ལ་གོ་སྐབས་བཟང་པོ་བསྐྲུན་ཡོད། ཀྲུང་གོས་ཁུ་ཝེ་ཐེ་དང་མཉམ་དུ་ཆབ་སྲིད་ཡིད་རྟོན་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་དབུ་གཙོས་མིང་བཀོད་བདེན་དཔང་གནང་བའི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་དངོས་འབེབས་བཟང་པོ་བྱེད་པ། སྔ་མོ་ནས་དངོས་ཕན་རང་བཞིན་གྱི་འཕེལ་རིམ་ལོན་པར་བརྩོན་ལེན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ནས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་བཅོས་སྐྱོང་གྲོས་འགོ་བཏོན་ཏེ། འཛམ་གླིང་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཁུ་ཝེ་ཐེ་ཕྱོགས་ཀྱིས་གྲོས་འགོ་འདིར་རྒྱབ་སྐྱོར་ཧུར་ཐག་བྱེད་པར་ཡིད་ཆེས་ཡོད་ལ། ཁུ་ཝེ་ཐེ་ཕྱོགས་འཛམ་གླིང་འཕེལ་རྒྱས་གྲོས་འགོའི་མཛའ་འབྲེལ་ཚན་ཆུང་དུ་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོས་ཁུ་ཝེ་ཐེ་ཕྱོགས་ཀྱིས་དུས་ཡུན་རིང་བོར་རྒྱབ་སྐྱོར་དང་། ཀྲུང་གོས་མཚོ་ཐོག་མཉམ་འབྲེལ་ལྷན་ཚོགས་རྒྱལ་ཁབ་དང་མཉམ་ལས་བྱེད་པར་སྐུལ་འདེད་བཏང་བར་བསྟོད་བསྔགས་བྱེད་བཞིན་ཡོད། ཁུ་ཝེ་ཐེ་མཚོ་ཐོག་མཉམ་འབྲེལ་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས་སྔར་ལས་ལྷག་པར་དྲང་ནུས་ཀྱི་ཤན་ཤུགས་འདོན་སྤེལ་བྱ་རྒྱུའི་རེ་བ་བྱས་ཡོད།

མཱིས་ཧྲ་ལི་ཡིས་ཧྲན་ཀྲིན་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བླ་མེད་ཀྱི་གུས་འདུད་ཞུས། མཱིས་ཧྲ་ལི་ཡིས་བསྟན་དོན། ཁུ་ཝེ་ཐེ་ནི་ཐོག་དང་པོར་ཀྲུང་གོ་གསར་པ་དང་འབྲེལ་བ་བཙུགས་པའི་མཚོ་ཁུགས་ཨ་རབ་རྒྱལ་ཁབ་ཡིན་པས། དེས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་མདུན་ལྟའི་རང་བཞིན་མངོན་པར་མཚོན་ཡོད། ཁུ་ཝེ་ཐེ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གྲོས་འགོ་ཆེན་པོ་བཞི་དང་། ལྷག་པར་ཉེ་སྔོན་བཏོན་པའི་འཛམ་གླིང་བཅོས་སྐྱོང་གྲོས་འགོར་བསྟོད་བསྔགས་དང་རྒྱབ་སྐྱོར་བྱེད་ཅིང་། ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བརྟན་པོ་བྱས་ཡོད། ཁུ་ཝེ་ཐེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་དང་། ཕྱོགས་གཉིས་མཉམ་ལས་ཀྱི་འབྲེལ་ཡོད་ཡིག་ཆ་དངོས་འབེབས་བཟང་པོ་བྱས་ནས། ཁུ་ཝེ་ཐེ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཁུ་ཝེ་ཐེ་ཕྱོགས་ཀྱིས་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཚོགས་རྒྱལ་ཁབ་དང་། ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་གཏོང་འདོད་ཡོད།

སཱ་པཱ་ཧི་དང་གྲོས་མོལ་བྱེད་སྐབས་ཧན་ཀྲིན་གྱིས་བསྟན་དོན། ཁུ་ཝེ་ཐེ་ནི་དབུས་ཤར་ས་ཁུལ་དུ་ཁྱད་འཕགས་ཀྱི་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཞིག་ཡིན་ལ། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཁུ་ཝེ་ཐེ་རྒྱལ་ཁབ་ཀྲུང་གོའི་དབུས་ཤར་ཕྱི་འབྲེལ་གྱི་གོ་གནས་གལ་ཆེན་དུ་བཞག་ཡོད། ཉེ་བའི་ལོ་འདི་འགར། ཀྲུའུ་ཞི་ཞི་ཅིན་ཕིང་དང་འགོ་ཁྲིད་མཱིས་ཧྲ་ལི་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད། སང་ལོ་ནི་ཀྲུང་གོ་དང་ཁུ་ཝེ་ཐེའི་བར་འབྲེལ་བ་བཙུགས་ནས་ལོ55འགོར་བའི་ལོ་ཡིན། ཀྲུང་གོས་དེ་གོ་སྐབས་སུ་བརྩིས་ཏེ། ཁུ་ཝེ་ཐེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དབུ་འཛིན་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བཟང་པོ་བྱས་ཏེ། ཆབ་སྲིད་ཡིད་རྟོན་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་ཁུ་ཝེ་ཐེ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ། མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཚོགས་རྒྱལ་ཁབ་བར་གྱི་ཐུན་མོང་མཉམ་ལས་ཀྱི་སྔར་ལས་མང་བའི་འཕེལ་རིམ་ལོན་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་རིང་ལུགས་མཉམ་དུ་དར་སྤེལ་བཏང་ནས། འཛམ་གླིང་བཅོས་སྐྱོང་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

སཱ་པཱ་ཧི་ཡིས་བསྟན་དོན། ཁུ་ཝེ་ཐེ་དང་ཀྲུང་གོའི་མཛའ་བརྩེའི་འབྲེལ་བ་ཟབ་ཅིང་བརྟན་པོ་ཡིན། ཁུ་ཝེ་ཐེ་ཕྱོགས་ཀྱིས་ཀྲུང་གོས་རང་སྟེང་གི་སྲོག་ཤིང་ཁེ་ཕན་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ལས་གཞི་དངོས་འབེབས་བཟང་པོ་བྱས་ནས། ཁུ་ཝེ་ཐེ་དང་ཀྲུང་གོའི་འབྲེལ་བས་སྔས་ལས་མང་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད། དེང་སྐབས། འཛམ་གླིང་སྒྲིག་རིམ་ལེགས་སྒྲིག་གཏིང་ཟབ་བྱེད་པའི་སྐབས་འཁེལ་ཡོད་པས། ཁུ་ཝེ་ཐེ་ཕྱོགས་ཀྱི་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ལ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་དྲང་བདེན་གཙོ་སྐྱོང་གནང་བར་ཚད་མཐོའི་བསྟོད་བསྔགས་བྱེད་བཞིན་ཡོད་ལ། ཕ་ལེ་སི་ཐན་གནད་དོན་སྟེང་དྲང་གཞག་གི་ལངས་ཕྱོགས་བཟུང་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོང་བྱེད་ཆེད་མཉམ་དུ་འབད་འབུངས་བྱེད་འདོད་ཡོད།

ཨེ་ཧཱ་མའེ་ཏི་ལ་ཐུག་འཕྲད་བྱེད་སྐབས་ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཁུ་ཝེ་ཐེ་རྒྱལ་ཁབ་གཉིས་ཀྱི་གྲོགས་པོ་བཟང་པོ་དང་། ཟླ་གྲོགས་བཟང་པོ་ཡིན། ཉེ་བའི་ལོ་འདི་འགར། ཀྲུང་གོ་དང་ཁུ་ཝེ་ཐེའི་འབྲེལ་བས་འཕེལ་རིམ་ལེགས་པོ་བླངས་ཡོད། ཀྲུང་གོ་དང་ཁུ་ཝེ་ཐེའི་མཉམ་ལས་ཕན་ཚུན་གསབ་རེས་ཀྱི་ཤུགས་དྲག་ཅིང་། འཕེལ་རྒྱས་སྦས་ཤུགས་ཆེན་པོ་ལྡན། ཀྲུང་གོས་ཁུ་ཝེ་ཐེ་ཕྱོགས་དང་མཉམ་དུ་གཉིས་ཕན་མཉམ་ལས་ཀྱི་རྨང་གཞིའི་སྟེང་ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་སྤུས་འདེད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། མཉམ་ལས་ལས་གཞི་དངོས་འབེབས་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་ནས། ཀྲུང་གོ་དང་ཁུ་ཝེ་ཐེའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པར་རོགས་ཤུགས་འདོན་འདོད་ཡོད།

ཨེ་ཧཱ་མའེ་ཏིས་བསྟན་དོན། ཁུ་ཝེ་ཐིས་ཁུ་ཝེ་ཐེ་དང་ཀྲུང་གོའི་མཛའ་བརྩེ་དང་ཕན་ཚུན་ཡིད་རྟོན་ལ་གཅེས་འཛིན་བྱེད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་དབུ་གཙོའི་ཐུན་མོང་ངོས་འཛིན་གལ་ཆེན་ཧུར་ཐག་གིས་དངོས་འབེབས་ལེགས་པོ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ལས་གཞིར་མྱུར་དུ་སྐུལ་འདེད་གཏོང་བ། ཁུ་ཝེ་ཐེ་དང་ཀྲུང་གོའི་འབྲེལ་བའི་ཆུ་ཚད་མཐོན་པོ་དེ་སྔར་ལས་མང་བའི་དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་སུ་བསྒྱུར་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བའི་མདུན་ལྗོངས་གསར་པ་འབྱེད་འདོད་ཡོད།

ཁུ་ཝེ་ཐེ་རུ་འཚམས་འདྲི་བྱེད་སྐབས། ཧན་ཀྲིན་རྒྱལ་རྒྱུད་སཱ་པཱ་ཧིས་སྤེལ་བའི་དགའ་བསུའི་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།