ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁ་ཕྱོགས་པ་དང་། དུས་རབས་འཕེལ་རྒྱས་དང་འཐབ་ཇུས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་བླང་བྱ་གསར་པ་བཏོན། བསྟུད་མར་ཉིན་འགའི་རིང་ལ། རྒྱལ་ཡོངས་ཀྱི་དམག་སྒར་རེ་རེར་རྒྱ་ཆེའི་དཔོན་དམག་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས། ཚང་མས་མགྲིན་གཅིག་ཏུ་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བསམ་སྦྱོར་གཉིས་ཀ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། བློ་གྲོས་དང་སྟོབས་ཤུགས་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུའི་སྟེང་གཅིག་གྱུར་ཡོང་བ་བྱ་དགོས། དམག་འཛུགས་ཀྱི་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་ཡོང་ཆེད། སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་མུ་མཐུད་དུ་འབད་འཐབ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། རང་དམག་གིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་སྒྱུར་བའི་རྣམ་པ་བཏོད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། དམག་ཡོངས་ཀྱི་དཔོན་དམག་ཚོས་སློབ་སྦྱོང་དང་གྲོས་བསྡུར་བྱེད་པའི་སྐབས་མྱོང་ཚོར་ཟབ་མོ་བྱུང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་ནི་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་དགོས་པ་དེ་ཡིན་པར་འདོད། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཁྲོད་ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་འབད་འབུངས་མདུན་སྐྱོད་བྱེད་དགོས།
ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་པུའུ་ཡི་ཐའོ་ཞི་ཕེང་གིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག དུས་རབས་གསར་པར་མི་དམངས་དམག་དཔུང་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་དགོས། “འདུ་ཤེས་བཞི”ཇེ་དྲག་དང་། “རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས་”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་དུས་ལྟར་དམག་འཛུགས་ཀྱི་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་དགོས་ཟེར།
མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེའི་ཆབ་སྲིད་ལས་དོན་པུའུ་ཡི་ཧོང་ཅེ་ཡིས་བཤད་རྒྱུར། ང་ཚོས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལྟར། རང་དམག་གིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་འཛུགས་སྐྲུན་བྱ་བའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་བླང་བྱ་དེ་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་མཐར་ཕྱིན་བྱ་དགོས། ཆབ་སྲིད་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་འགན་ལེན་ལ་ཤུགས་སྣོན་དགོས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་སྒྱུར་བའི་གཙོ་གནད་ལས་འགན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། ཏང་དང་མི་དམངས་ལ་དགོས་མཁོ་ཡོད་དུས་འགྲོ་ཐུབ་པ་དང་། རྒྱལ་ཁ་ལེན་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས།
ནུབ་རྒྱུད་འཐབ་ཁུལ་གྱི་པུའུ་ག་གེ་མོའི་ཀྲའོ་ཐུང་ཧུའེ་ཡིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ཐོག་ནས་ང་ཚོའི་ཏང་གིས་རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཆོད་སེམས་བརྟན་པོ་མངོན་ཡོད། ང་ཚོས་ཡིད་ཆེས་འདི་འགུལ་སྐྱོད་དངོས་ལ་སྒྱུར་དགོས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི“གོམ་སྟབས་གསུམ”ཀྱི་འཐབ་ཇུས་གསར་པ་གཏན་འཁེལ་བྱས་ཏེ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་དང་། བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་ལ་སྐུལ་འདེད་གཏོང་དགོས། མཐོ་སྒང་གི་མཐའ་མཚམས་འགག་སྒོ་ནས“ཕྱོགས་གཅིག་ནས་འཐབ་རྩོད། ཕྱོགས་གཅིག་ནས་དམག་གྲབས་བྱེད་པ། ཕྱོགས་གཅིག་ནས་འཛུགས་སྐྲུན་བྱེད་པ”བཅས་ཀྱི་བླང་བྱ་ལག་བསྟར་བྱས་ཏེ། འཕྲུལ་ཆས་ཅན་དང་ཆ་འཕྲིན་ཅན་རིག་ནུས་ཅན་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་ཇེ་མགྱོགས་སུ་གཏོང་བ་དང་། འགྱུར་མེད་རྩལ་ནུས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་ནུས་པ་ཆེ་རུ་གཏོང་དགོས་ཟེར།
དམག་ཡོངས་ཀྱི་དཔོན་དམག་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས། རང་དམག་གིས་དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྨང་གཞིའི་ཐོག རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བ་དང་། ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་འཁྲུལ་མེད། ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་འཛུགས་པ་དང་། རང་དམག་འཛུགས་སྐྲུན་འཕེལ་རྒྱས་ཀྱི་སྤུས་ཚད་གསར་སྒྱུར་དང་། ཕན་ནུས་འཕོ་འགྱུར། སྒུལ་ཤུགས་གསར་སྒྱུར་བཅས་ལ་སྐུལ་འདེད་གཏོང་དགོས། བཅོས་སྒྱུར་གྱི་བྱེད་ཐབས་ནན་མོར་བརྟེན་ནས་འཐབ་ནུས་བཅིངས་འགྲོལ་བཏང་སྟེ། དམག་དཔུང་གི་གསོན་ཤུགས་སྔར་ལས་རྒྱས་པར་བྱེད་དགོས།
མཁའ་དམག་གི་པུའུ་ག་གེ་མོའི་ཀྲུའུ་ཀྲི་ཧུའེ་ཡིས་བཤད་རྒྱུར། ང་ཚོས་ཏང་ཀྲུང་དབྱང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་འབོད་སྐུལ་ལག་བསྟར་བྱས་ཏེ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་དམ་འཛིན་དང་། སྒྲིག་ཆས་གསར་པའི་འཐབ་འཛིང་བྱེད་ནུས་གྲུབ་པའི་སྤུས་ཚད་དང་ཕན་འབྲས་ཇེ་མགྱོགས་སུ་གཏོང་དགོས། བར་སྣང་འཕྲལ་རྒོལ་དང་། རྒྱང་བརྟེན་འཕྲུལ་སྒུལ། ས་ཁོངས་ཡོངས་ཀྱི་དམག་འཐབ་ནུས་པ་བཅས་མུ་མཐུད་དུ་མཐོ་རུ་བཏང་ནས། ཏང་གིས་བློས་འགེལ་ཆོག་པ་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་པའི་མཁའ་དབྱིངས་ཀྱི་མདའ་དཔུང་སྟོབས་ལྡན་ཞིག་འཛུགས་སྐྲུན་བྱེད་དགོས་ཟེར།
མཚོ་དམག་ཧྲན་ཏུང་མ་གྲུའི་ཀྲང་མའོ་ཅི་ཡིས་བཤད་རྒྱུར། ང་ཚོས་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་དགོས། དམག་འཐབ་སྟོབས་ཤུགས་གསར་པ་མཉམ་འདྲེས་འཕེལ་རྒྱས་དང་མ་ལག་བཀོལ་སྤྱོད་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། རྒྱང་རིང་གི་མཚོ་ཐོག་འགོག་སྲུང་དང་། མཚོ་ཐོག་གི་ཟིལ་ཤུགས། ཕྱོགས་བསྡུས་དམག་འཐབ་བྱེད་ནུས་བཅས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། དམག་དཔུང་སྟོབས་ལྡན་གཏོང་བའི་རླབས་ཆེན་བྱ་གཞག་ཁྲོད་གདོང་ལེན་པ་དང་གདོང་མཆོང་པ་བྱེད་དགོས་ཟེར།
མེ་ཤུགས་འཕུར་མདའི་པུའུ་ག་གེ་མོའི་ཀྲོའུ་ཧུང་ཁྲའོ་ཡིས་བཤད་རྒྱུར། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྲིད་སྟོན་དུ་བཟུང་སྟེ། ཚན་རྩལ་གསར་གཏོད་ཐད་སྤུས་ཚད་དང་ཕན་འབྲས་ཐོན་དགོས་པ་དང་། འགག་རྩའི་ལག་རྩལ་གྱི་དཀའ་གནད་སྒྲོལ་བར་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། རྒྱལ་སྲུང་ཚན་རྩལ་གྱི་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མངོན་འགྱུར་བྱས་ནས། དམག་དཔུང་གི་འཐབ་ནུས་ཆེ་རུ་གཏོང་བར་སྟོབས་ཤུགས་འབུལ་དགོས་ཟེར།
ཚང་འཛོམས་གྲོས་ཚོགས་སྟེང་སྔོན་ཐོན་གྱི་འཐབ་འཛིང་ནུས་ཤུགས་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བ་དང་། དམག་དོན་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཤིང་། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་ཇེ་ལེགས་སུ་གཏོང་དགོས་པ་བཏོན། རྒྱ་ཆེའི་དཔོན་དམག་གིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དམག་སྦྱོང་དམག་གྲབས་ཀྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཏན་ཏིག་བྱས་ཏེ། འཐབ་ཇུས་དོ་དམ་ཐད་སྤུས་ཚད་དང་ཕན་འབྲས་ཐོན་པ་བྱེད་དགོས་ལ། དམག་དོན་དོ་དམ་གསར་བརྗེའི་ཇེ་མགྱོགས་སུ་གཏོང་དགོས། དམག་འཐབ་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་དང་ཁོངས་བརྒལ་གཅིག་གྱུར་འཆར་འགོད། དམག་དཔུང་དང་ས་གནས་གཅིག་གྱུར་འཆར་འགོད་བཅས་ལ་ཤུགས་སྣོན་དགོས་ལ། དམག་འཐབ་དང་འཛུགས་སྐྲུན། གྲ་སྒྲིག་བཅས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་འགན་སྒྲུབ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ནུས་ཤུགས་ཡོད་རྒུས་དམག་དཔུང་འཛུགས་སྐྱོང་གི་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས།
དྲག་ཆས་ཉེན་རྟོག་པེ་ཅིང་སྤྱི་ཁྱབ་རུ་ཁག་གི་པུའུ་ག་གེ་མོའི་སུན་ཅན་ཅུན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་སྟེང་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། ང་ཚོའི་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱས་ནས། དུས་རབས་གསར་པའི་ཏང་གི་སྟོབས་ལྡན་དམག་དཔུང་གི་དམིགས་འབེན་དམ་འཛིན་དང་། ཐོལ་བྱུང་དོན་རྐྱེན་ཐག་གཅོད་དང་མཉམ་འབྲེལ་དམག་འཐབ་བྱེད་ནུས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས། སྔར་ལས་ཆེ་བའི་བློ་སྤོབས་དང་སྔར་ལས་ལྷག་པའི་ནུས་པར་བརྟེན་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་དང་མི་དམངས་ཀྱིས་བློ་གཏད་ཆོག་པའི་བློ་དཀར་གཞུང་དྲང་གི་དམག་མི་ཞིག་བྱེད་རྒྱུ་ཡིན་ཟེར།
འབུམ་སྡེ་ཆེན་མོ་ཨང79པའི་མཉམ་སྡེབ་མདའ་ཤོག་ག་གེ་མོའི་ཝང་ཅུའུ་ལེ་ཡིས་བཤད་རྒྱུར། ངེས་པར་དུ་སྤུས་ཚད་ལེགས་པ་དང་ཕན་འབྲས་ཆེ་བ། མ་རྩ་དམའ་བ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་འཕེལ་རྒྱས་འགྲོ་ལམ་དུ་བསྐྱོད་དགོས། སྔོན་ཐོན་གྱི་འཐབ་འཛིང་ནུས་ཤུགས་ནུས་ལྡན་ངང་མཁོ་འདོན་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། རང་དམག་འཛུགས་སྐྱོང་འཕེལ་རྒྱས་ཀྱི་སྤུས་ཚད་གསར་སྒྱུར་དང་ཕན་ནུས་གསར་སྒྱུར། སྒུལ་ཤུགས་གསར་སྒྱུར་བཅས་ལ་སྐུལ་འདེད་གཏོང་དགོས་ཤིང་། “གྲངས་ཚད”མང་བ་ནས“སྤུས་ཚད”ལེགས་པའི་ཕྱོགས་སུ་འགྱུར་ལྡོག་གཏོང་དགོས་ཟེར།
ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་པུའུ་ག་གེ་མོའི་ཧྲིན་དབྱང་གིས་བཤད་རྒྱུར། ང་ཚོ་ལྟ་བུའི་དམག་རིགས་གསར་རྐྱང་གི་ངོས་ནས་བཤད་ན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་བླང་བྱ་ལྟར། དམག་དཔུང་སྟོབས་ལྡན་གྱི་གཡུལ་རྒྱལ་མཐོ་ཚད་དུ་ལངས་ནས། དམག་གྲབས་དམག་རྒྱག་གི་དགོས་མཁོར་དམ་པོར་སྦྲེལ་དགོས་ཤིང་། དྲ་རྒྱའི་ཆ་འཕྲིན་མ་ལག་གི་འགག་རྩའི་ལག་རྩལ་འགག་སྒྲོལ་བྱ་བ་ཇེ་མགྱོགས་སུ་བཏང་ནས། ཚན་རྩལ་གྱི་དགེ་མཚན་དེ་བྱེད་ནུས་དགེ་མཚན་དང་རྒྱལ་ཁ་ལེན་ཐུབ་པའི་དགེ་མཚན་དུ་བསྒྱུར་ཏེ། ཧུར་ཐག་སྒོས་དགྲ་འདུལ་གཡུལ་རྒྱལ་གྱི་ནུས་རྩལ་ངོ་མ་དང་ནུས་ཤུགས་ངོ་མ་སྦྱོང་དགོས་ཟེར།