མཚོ་སྔོན་གྱིས་བྱེད་ཐབས་མང་པོ་སྤྱད་དེ་སྨན་བཅོས་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་མང་ཚོགས་ཀྱི་སྨན་བཅོས་ལ་སྟབས་བདེ་བསྐྲུན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་གྱི“བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་འཕྲོད་བསྟེན་བདེ་ཐང་ཆེད་དོན་ཚོགས་འདུ་འཚོགས། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཏོན་ཀྲི་ཡིས་མཚམས་སྦྱོར་བྱས་དོན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་མ་ལག་གིས་མི་དམངས་ཀྱི་བདེ་ཐང་གཙོ་བོར་བཟུང་ནས། ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། སྨན་བཅོས་ཀྱི་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་བྱེད་པ། འཇོན་མི་གསོ་སྐྱོང་ལ་ཤུགས་སྣོན་པ། ཆ་འཕྲིན་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། གཞུང་བཙུགས་སྨན་བཅོས་ལས་ཁུངས་རིམ་པ་སོ་སོའི་སྨན་བཅོས་ཞབས་ཞུའི་ནུས་པ་མུ་མཐུད་དུ་མཐོ་རུ་བཏང་ནས། མང་ཚོགས་ཀྱི་སྨན་བཅོས་བྱ་བར་སྔར་ལས་འགན་སྲུང་བྱས་ཡོད་ཟེར།

སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་རྒྱུའི་ཐད་ནས། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་ལོའི་ནང་འཁོར་སྐྱོད་བྱེད་རྩིས་ཡོད་པ་དང་། ནད་ཁྲི300སྒོ་འབྱེད་རྩིས་ཡོད་ལ། བར་བརྒལ་དུས་མཚམས་སུ་ཞིང་ཆེན་མི་དམངས་སྨན་ཁང་དུ་ནད་ཁྲི200བཙུགས་པ་དང་། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཟུར་གཏོགས་སྨན་ཁང་དང་པོའི་དོ་དམ་བྱེད་སྟངས་ནང་འདྲེན་བྱས་ནས། ལག་རྩལ་གསར་པ་ཁག77སྙོམས་སྤོ་བྱས་ནས། ཞིང་ཆེན་ནང་ཁུལ་གྱི་སྟོང་ཆ་ཁག45ཁ་གསབ་བྱས་ཡོད། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱིས2025ལོའི་ལོ་མཇུག་ཏུ་གཙོ་གནད་བཟོ་སྐྲུན་ཡོངས་འགྲུབ་བྱ་རྒྱུ་དང་། བར་བརྒལ་དུས་སྐབས་སུ། ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་དུ་ནད་ཁྲི100འཛུགས་རྒྱུ་དང་། ཐེན་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོས་ཆེད་མཁས་པ60ལྷག་བདམས་ནས་མཚོ་སྔོན་དུ་མངགས་ཏེ། ལག་རྩལ་གསར་པ15སྙོམས་སྤོ་བྱས་ནས། ཞིང་ཆེན་ནང་ཁུལ་གྱི་སྟོང་ཆ3ཁ་གསབ་བྱ་རྒྱུ་ཡིན།  གཞན་ཡང་མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་ཁུལ། ཡུས་ཧྲུའུ་ཁུལ་བཅས་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་གསུམ་ལོ་འདིའི་ནང་གཅིག་རྗེས་གཉིས་མཐུད་ངང་འཁོར་སྐྱོད་བྱས་པར་བརྟེན། ས་ཁོངས་ཀྱི་ཉེན་ཁ་ཆེ་བའི་ནད་གཞི་ཚབས་ཆེ་བའི་སྨན་བཅོས་ཆུ་ཚད་དང་ཞིང་ཆེན་གྱི་ལྟེ་གནས་བར་གྱི་ཧེ་བག་མངོན་སུམ་ཇེ་ཆུང་དུ་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།