མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཧྲན་ཏུང་ཕྱུགས་ལས་འགྲེམས་ཚོགས་སུ་འགྲེམ་སྟོན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས30ནས་ཚེས31ཉིན་བར། སྐབས་བཞི་བཅུ་བའི་ཧྲན་ཏུང་ཕྱུགས་ལས་འགྲེམས་ཚོགས་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་སྤེལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཁེ་ལས་མང་པོ་འགྲེམས་ཚོགས་སུ་ཞུགས་པར་རྩ་འཛུགས་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་གཅིག་བསྡུས་སྒོས་འགྲེམ་སྟོན་བྱས་པ་མ་ཟད། ཧྲན་ཏུང་གི་ཁ་གཏད་རོགས་སྐྱོར་གྱི་ཐོན་ཁུངས་དང་འགྲེམས་ཚོགས་ཀྱི་སྟེགས་བུར་བསྟེན་ནས། ཤར་ནུབ་རྒྱུད་ཀྱི་ཞིང་ཕྱུགས་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་།

ཐེངས་འདིའི་འགྲེམས་ཚོགས་སྟེང་། མཚོ་བྱང་ཁུལ་གྱི་འགྲེམ་ཁུལ་དུ་ཐོན་ལས་ཆེན་པོ་ལྔ་ལྟེ་བ་ཡིན་པའི་བོད་ལུག་དང་ནོར་གནག་གི་ཤའི་ཐོན་རྫས་དང་། སྦྲང་རྩི། ནས། ལོག་སྣུམ་སོགས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྣ་བརྒྱ་ལ་ཉེ་བ་གཅིག་བསྡུས་འགྲེམ་སྟོན་བྱས་ཡོད། “མདོ་ལ་རི་འདབས་ཀྱི་ཕྱུགས་ར་ལེགས་པོ། མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ལ་བཀྲག་མདངས་འཚེར”ཞེས་པའི་ཆེད་དོན་ངོ་སྤྲོད་ཚོགས་འདུ་དང་གཅིག་སྡུད་ལས་གཞིའི་གན་རྒྱ་འཇོག་པའི་ཐབས་ལ་བརྟེན་ནས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་ལྔ་ཡི་གྲོས་དན་ལ་མིང་རྟགས་བཀོད།

མཚོ་བྱང་ཁུལ་གྱིས་ཁྱད་དུ་འཕགས་པའི་རྨང་གཞིའི་ཁྱད་སྟོབས་ལ་བརྟེན་ནས། རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་སྐྱེད་ར་བ་དང་དཔེ་སྟོན་ཁུལ་མང་པོ་བཙུགས་ཡོད་པ་དང་། དེ་ནི་མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་འདོན་སྤྲོད་ལྟེ་གནས་དང་ཕྱིར་གཏོང་གནས་གཙོ་བོའི་གྲས་ཡིན། མིག་སྔར། མཚོ་བྱང་ཁུལ་གྱི་བོད་ལུག་དང་ནོར་གནག་གསོ་ཁ་ན་ཡོད་པ་དང་། ནས། ལོག་དཀར་འདེབས་པའི་རྒྱ་ཁྱོན་ཞིང་ཆེན་ཡོངས་ཀྱི་བསྡུར་ཚད་ལས་ཅུང་ཆེ་བ་མ་ཟད། བསྟུད་མར་ལོ་གཉིས་ཀྱི་རིང་ལ་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་འཛུགས་སྐྲུན་གྱི་དཔྱད་ཞིབ་ཁྲོད་ཨང་གཉིས་པ་ཟིན་ཡོད།

ཐེངས་འདིའི་འགྲེམས་ཚོགས་ལ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཉེར་དྲུག་གི་ཁེ་ལས་ལྔ་བརྒྱ་ལྷག་ཞུགས་ཡོད་པ་དང་། འགྲེམ་སྟོན་གྱི་རྒྱ་ཁྱོན་མུས་གྲུ་བཞི་མ་ཁྲི་བཞི་ལ་ཉེ་བ་དང་། འགྲེམ་གནས་སྟོང་གཅིག་དང་ཉིས་བརྒྱ་བཀོད་སྒྲིག་བྱས་ཡོད་ལ། གཅིག་བསྡུས་སྒོས་སྒོ་ཕྱུགས་ཀྱི་ཐོན་རྫས་གསར་པ་དང་། གསོ་སྤེལ་སྒྲིག་ཆས། སྤུས་ལེགས་སྒོ་ཕྱུགས་ཐོན་རྫས། གཟན་ཆས་དང་ཕྱུགས་སྨན། དེ་མིན་ཚན་རྩལ་གསར་སྐྲུན་དང་གཞི་གྲངས་རིག་ནུས་ཅན་གྱི་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་གསར་པ་དང་གྲུབ་འབྲས་གསར་པ། སྒྲིག་ཆས་གསར་པ། རྣམ་པ་གསར་པ། ལས་རྣམ་གསར་པ་བཅས་བཀོད་སྒྲིག་བྱས་ཡོད་ལ། ས་ཁོངས་ལས་བརྒལ་བའི་ཞིང་ཕྱུགས་ཐོན་ལས་མཉམ་ལས་ཐད་སྟེགས་བུ་གལ་ཆེན་བསྐྲུན་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།