ཟླ10པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱི་འགོ་རྩོམ་མཛད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྡུས། དེ་ནི་རྒྱལ་ཁབ་ཀྱི་སྤུས་ལེགས་སྨན་བཅོས་ཀྱི་ཐོན་ཁུངས་རྒྱ་བསྐྱེད་འཐབ་ཇུས་དོན་འཁྱོལ་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཡིན་ལ། མཚོ་ལྷོ་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་ཞིག་ཀྱང་ཡིན།
རྒྱུས་ལོན་པ་ལྟར་ན། གསར་དུ་བཀོལ་སྤྱོད་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་ལ་བསྡོམས་པའི་མ་དངུལ་སྒོར་དུང་ཕྱུར་གཉིས་བཏང་ཡོད་པ་དང་། ས་ཆའི་རྒྱ་ཁྱོན་ལ་བསྡོམས་པའི་མུའུ་ཞེ་ལྔ་ཡོད་ལ། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་མུས་གྲུ་བཞི་ཁྲི་གཉིས་དང་སྟོང་གཉིས་ཡོད། ལྟེ་གནས་ཀྱིས་ཕྱོགས་མང་པོའི་ཐོག་ནས་སྡོད་དམངས་ཀྱི་སྨན་བཅོས་ཉམས་ལེན་ཇེ་ལེགས་སུ་གཏོང་བ་དང་། རྩེར་སོན་སྒྲིག་ཆས་རིམ་སྤར་དང་ས་ཁོངས་ཀྱི་གཟུགས་བརྙན་བརྟག་དཔྱད་ལྟེ་གནས་སོགས་ཆ་འཕྲིན་ཅན་གྱི་མ་ལག་ལ་བརྟེན་ནས། སྨན་བཅོས་ཀྱི་རྨང་གཞི་གནད་ལ་འཁེལ་བའི་སྒོ་ནས་ཇེ་བརྟན་དུ་བཏང་། བརྟག་འཁྲིད་མཚོན་རྟགས་དང་སྨན་བཅོས་སྒུག་ཁུལ་འཐུས་ཚང་དུ་བཏང་བ་མ་ཟད་རང་འགུལ་ཞབས་ཞུའི་མཐའ་སྣེ་སྣ་ཚོགས་དང་མཉམ་སྤྱོད་རྐུབ་འཁོར་སོགས་ཀྱི་སྒྲིག་ཆས་གསར་དུ་བསྣན་པ་དང་། ས་འོག་གི་རླངས་འཁོར་འཇོག་ས་ལས་ནས་སྨན་བཅོས་བྱེད་སྐབས་རླངས་འཁོར་འཇོག་པའི་དཀའ་གནད་ཐག་གཅོད་བྱས། ཚན་རིག་དང་མཐུན་པའི་སྒོ་ནས་ཚན་ཁག་གི་བྱ་བ་བཀོད་སྒྲིག་བྱས་ཏེ། མྱུར་སྐྱོབ་དང་སྒོ་བསྟེན་སྨན་ཁང་སོགས་བྱེད་ནུས་མང་བ་དང་འབྲེལ་ཡོད་ཚན་ཁག་མང་པོ་གཅིག་བསྡུས་བྱས་ནས། ནད་པ་ས་ཁུལ་བརྒལ་ནས་འགྲོ་སྐྱོད་བྱེད་པ་ཇེ་ཉུང་དུ་བཏང་བ་དང་སྨན་བཅོས་ལས་ཕྱོད་ཆེ་རུ་བཏང་། ལྟེ་གནས་སུ་རྒྱལ་ཁབ་རིམ་པའི་གཙོ་གནད་ཆེད་ལས་ཚན་ཁག་གཉིས་དང་། ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ལས་ཚན་ཁག་གསུམ། ཁུལ་རིམ་པའི་གཙོ་གནད་ཆེད་ལས་ཚན་ཁག་གཉིས་བཅས་བཙུགས་པས། ས་ཁོངས་ཀྱི་ནད་ལྕི་སྨན་བཅོས་དང་དཀའ་གནད་དོགས་གནད་རིགས་ཀྱི་སྨན་བཅོས་ཆུ་ཚད་མངོན་གསལ་སྒོས་མཐོ་རུ་བྱིན།
ལྟེ་གནས་དེ་འཛུགས་སྐྲུན་བྱས་པ་ནི་ཞིང་ཆེན་དང་ཁུལ་རིམ་པ་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་བཟུང་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཞིབ་ཕྲ་ལག་ལེན་བསྟར་བ་ཞིག་རེད། ལྟེ་གནས་འཆར་འགོད་འཛུགས་སྐྲུན་བྱས་པ་ནས་བཟུང་མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་དེ་དམངས་འཚོའི་གཙོ་གནད་བཟོ་སྐྲུན་གྲས་སུ་བཞག་པ་དང་། ཚད་གཞི་མཐོ་བའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་སྨན་ཁང་དང་མཉམ་འཛུགས་གྲོས་མཐུན་མིང་རྟགས་བཀོད་པ་དང་། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ལ་བརྟེན་ནས། སྔོན་ཐོན་སྒྲིག་ཆས་དང་ལག་རྩལ་ནང་འདྲེན་ལ་བརྟེན་ནས་ལྟེ་གནས་ཀྱི་འཁོར་སྐྱོད་རྨང་གཞི་བརྟན་པོ་བཏིང་།
མཚོ་སྔོན་པོའི་མཐའ་འཁོར་དང་དེ་མིན་ནུབ་རྒྱུད་ཀྱི་འགྲིམ་འགྲུལ་གཙོ་ལམ་གྱི་བྲེལ་མྱུར་སྨན་བཅོས་སྐྱོབ་བཅོས་ཀྱི་ལྟེ་བའི་གནས་ཡིན་པའི་ཆ་ནས། ལྟེ་གནས་ཀྱིས་ཞིང་ཆེན་རིམ་པའི་སྤུས་ལེགས་ཐོན་ཁུངས་དང་། ཁུལ་དང་་རྫོང་། ཡུལ་ཚོ་བཅས་ཀྱི་སྨན་བཅོས་ལས་ཁུངས་དང་འབྲེལ་བ་བྱས་ནས། “ནད་ཆུང་བ་རྫོང་ནས་ཕྱིར་མི་འགྲོ་བ་དང་། ནད་ཆེན་པོ་ཁུལ་ནས་ཕྱིར་མི་འགྲོ་བའི”དམིགས་འབེན་ལ་སྐུལ་འདེད་གཏོང་རྒྱུ་མངོན་འགྱུར་བྱས།
ལྟེ་གནས་བཀོལ་སྤྱོད་བྱས་པ་དེས་མཚོ་ལྷོ་ཁུལ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་སོང་བ་དང་། རིམ་དབྱེའི་དཔྱད་བཅོས་མ་ལག་འཛུགས་པའི་ཐད་གནད་འགག་གི་གོམ་པ་ཞིག་སྤོས་པ་དེས་མང་ཚོགས་ཀྱི་ས་ཁོངས་ལས་བརྒལ་བའི་སྨན་བཅོས་ཁུར་པོ་ཇེ་ཡང་དུ་བཏང་བ་མ་ཟད། ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་གཞན་བརྟེན་ནས་རང་སྟོབས་ལ་བསྒྱུར་ཏེ། “བདེ་ཐང་གི་མཚོ་སྔོན”འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་དྲག་པོ་བསྣན།
མཚོ་ལྷོ་ཁུལ་གྱིས“རིམ་གསུམ་ཀ་པའི”དམིགས་འབེན་གཏན་འཁེལ་བྱས་ནས་སྨན་ཁང་གི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་དང་དེ་མིན་གུང་ཧོ་གཞོང་སའི་ས་ཁོངས་ཀྱི་སྨན་བཅོས་མཐོ་ས་སྐྲུན་རྒྱུ་དང་། ཐོན་ཁུངས་གཅིག་བསྡུས་བྱས་ཏེ་སྨན་ཁང་གི་ལག་རྩལ་ཁྱད་སྟོབས་ལ་བརྟེན་ནས་ཕྱོགས་བསྡུས་རྣམ་པའི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་རྒྱུ་རེད། མི་རྩ་བར་འཛིན་པ་རྒྱུན་འཁྱོངས་དང་སྨན་བཅོས་བྱེད་ཐབས་ཇེ་ལེགས་སུ་བཏང་སྟེ་མང་ཚོགས་ཀྱི་སྣ་མང་ཅན་གྱི་བདེ་ཐང་དགོས་མཁོ་སྐོང་རྒྱུ་རེད།