ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བཀོད་སྒྲིག་ལྟར། ཟླ10བའི་ཚེས28ཉིན་ནས་ཚེས31ཉིན་བར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་ལྔ་ཡིས་སྔ་རྗེས་སུ་ཞིང་ཆེན་དངུལ་རྩའི་གཞུང་ལས་ཁང(ཞིང་ཆེན་ས་གནས་དངུལ་རྩའི་དོ་དམ་ཅུའུ)དང་། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན། ཞིང་ཆེན་ཚོད་དོན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ(ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ)། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་མཁོ་ཚོང་མཉམ་ལས་མཉམ་འབྲེལ་ཁང་སོགས་ཏང་ཙུའུ(ཏང་ཨུ)ཡི་སྐོར་ཞིབ་བཅའ་སྡོད་ལེགས་འགྲུབ་བྱས་པར་མ་ཟད་བྱ་བ་སྤེལ་འགོ་བརྩམས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ལ་སྐོར་ཞིབ་བྱེད་པ་དང་ཆབས་ཅིག་རྨོ་ཞིང་སྲུང་སྐྱོབ་དང་གྲོང་གསེབ་ཐོན་ལས་དར་སྤེལ་ལས་གཞིའི་མཉམ་འབྲེལ་སྐོར་ཞིབ་བྱ་བ་སྤེལ།
སྐོར་ཞིབ་བྱེད་སའི་ཏང་རྩ་འཛུགས་ཀྱིས་སྐོར་ཞིབ་བཅའ་སྡོད་སྐུལ་སློང་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གི་ཚན་གཙོས་སྐུལ་སློང་གཏམ་བཤད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་སྐོར་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་སྐོར་ཞིབ་ཐེངས་དགུ་བའི་སྐུལ་སློང་དང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱེད་པ། དྲི་བ་གཅིག་ལ་མཉམ་དུ་ལན་འདེབས་པའི་སྐོར་ཞིབ་ལས་འགན་གྱི་བླང་བྱ་ལེགས་འགྲུབ་བྱས། སྐོར་ཞིབ་ཚན་ཆུང་གི་ཚན་གཙོ་ཡིས་བསྟན་དོན། སྐོར་ཞིབ་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་གི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཡིན། ཐེངས་འདིར་ནོར་སྲིད་དང་། དམངས་སྲིད། སྡོད་ཁང་འཛུགས་སྐྲུན། ཞིང་ལས་ཞིང་སྡེ་སོགས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཙུའུ་ཏང་ཨུ་ལ་སྐོར་ཞིབ་བྱ་བ་སྤེལ་བ་ནི། ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་འགན་འཁྲི་དང་ལས་འགན་སྒྲུབ་པ། ཁྱོན་ཡོངས་ནས་གཏིང་ཟབ་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་དང་། སྐོར་ཞིབ་བྱ་བའི་སྲོལ་ཡིག་ལ་ཏན་ཏན་སྒོས་ལག་ལེན་བྱས་ཏེ། དབང་ཤུགས་དང་འགན་འཁྲི་དང་། འགོ་བ་དང་པོ་དང་འགོ་ཁྲིད་ཚན་ཆུང་། མང་ཚོགས་ཀྱི་བསམ་འཆར་ཆེ་བའི་གནད་དོན་བཅས་ལ་དམ་པོར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་ལག་ལེན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། གོམ་གང་མདུན་སྤོས་སྒོས་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་བྱེད་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ། གཏིང་ཟབ་ངང་ཁྱོན་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བ། འགོ་ཁྲིད་ཚན་ཆུང་དང་ལས་བྱེད་འཇོན་མིའི་དཔུང་སྡེ། གཞི་རིམ་ཏང་རྩ་འཛུགས་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། སྐོར་ཞིབ་ལེགས་བཅོས་དག་ཐེར་དོན་འཁྱོལ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བཀག་རྒྱ་བཟོ་བའི་འགལ་བ་གཙོ་བོ་དང་། བདེ་འཇགས་བརྟན་བརླིང་ལ་ཤུགས་རྐྱེན་ཐེབས་པའི་ཉེན་ཁ་གལ་ཆེན། ཁྱོན་ཡོངས་ནས་ཏང་ནན་སྐྱོང་ཕྱོགས་ཀྱི་གནད་དོན་འབུར་ཐོན་ཁག་གཏིང་ཟབ་ངང་འཚོལ་ཞིབ་བྱས་ནས། གནད་ལ་ཁེལ་བའི་ངང་ཆབ་སྲིད་ཀྱི་ལྟ་རྟོག་བྱ་བ་ནུས་ལྡན་སྤེལ་དགོས།
སྐོར་ཞིབ་བྱས་པའི་ཏང་རྩ་འཛུགས་ཀྱི་འགན་ཁུར་བ་གཙོ་བོས་བསྟན་དོན། ཆབ་སྲིད་ཀྱི་ལངས་ཕྱོགས་ཏན་ཏིག་གིས་མཐོར་འདེགས་བཏང་སྟེ། ནུས་ཤུགས་ཡོད་རྒུས་སྐོར་ཞིབ་ལ་གཞོགས་འདེགས་བྱེད་པ་དང་། གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། དངོས་ཐོག་བདེན་འཚོལ་གྱིས་གནས་ཚུལ་ཡར་ཞུ་བྱེད་པ། གཟབ་ནན་གྱིས་ལེགས་བསྒྱུར་དང་དག་ཐེར་བྱེད་པ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གོ་སྐབས་སུ་བཟུང་ནས་གོམ་གང་མདུན་སྤོས་ཀྱིས་ལྷག་བསམ་ཟོལ་མེད་ངང་འགན་འཁྲི་ལེགས་འགྲུབ་བྱེད་པ་དང་། ལས་ཁུངས་རང་ངོས་ཀྱི་བྱ་བ་ཁག་སོ་སོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས“གཏན་ཁེལ་གཉིས”ལ་གོང་བཀུར་བྱེད་པ་དང“སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་པ་བཅས་བྱེད་དགོས།
ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་སོ་སོས་ཡུལ་དངོས་ནས་བྱ་བ་སྒྲུབ་པའི་དུས་ཚོད་ནི་ཟླ10བའི་ཟླ་སྨད་ནས་ཟླ12པའི་ཟླ་སྨད་ཀྱི་བར་ཡིན། དེའི་རིང་ལ་ཆེད་དམིགས་ལས་རེས་ཁ་པར་དང་གློག་རྡུལ་ཡིག་སྒམ། རྩ་གཉིས་ཨང་གཤེར་གྱི་ཐེར་འདོན་སྤྱི་སྟེགས་བཅས་བཀོད་སྒྲིག་བྱས་ཏེ། སྐོར་ཞིབ་བྱེད་སའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཆུང་དང་ཁུངས་མི། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་འགན་ཁུར་བ་གཙོ་བོ་དང་ལས་གནས་གལ་ཆེན་གྱི་ལས་བྱེད་མི་སྣའི་གནད་དོན་ཡར་ཞུ་བྱས་པ་དང་སྐོར་ཞིབ་བྱ་བར་འབྲེལ་བ་ཡོད་པའི་འཕྲིན་བཅར་དོན་ཚན་སོགས་གཅོ་བོར་བཟུང་ནས་ཐག་གཅོད་བྱ་རྒྱུ་རེད། ཐེངས་འདིའི་སྐོར་ཞིབ་ཀྱི་འཕྲིན་བཅར་ཐག་གཅོད་བྱེད་པའི་དུས་ཡུན་ནི2025ལོའི་ཟླ12པའི་ཚེས25བར་ཡིན།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།