ཟླ10པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་གྱི“བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་གྱི་འཕྲོད་བསྟེན་བདེ་ཐང་ཆེད་དོན་ཚོགས་འདུའི་སྟེང་དུ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ་ཀུའོ་ཀོང་ཞ་ཡིས་མཚམས་སྦྱོར་བྱས་དོན། མཚོ་སྔོན་གྱིས་མི་ཤུགས་དང་སྤྱི་ཚོགས་ཀྱི་འགན་སྲུང་ལ་དམ་པོར་དམིགས་ཏེ། མི་དོན་དང་ལས་ཐོབ། གླ་ཕོགས་བཅས་ཕྱོགས་གསུམ་གྱི་ཐད་ནས་ནུས་ཤུགས་བཏོན་ནས། སྨན་བཅོས་འཕྲོད་བསྟེན་གྱི་མི་དོན་གླ་ཕོགས་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད་ཟེར།
མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་གྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་གདན་ཞུའི་རང་དབང་དོན་འཁྱོལ་བྱས་ནས། རང་བདག་གདན་ཞུ་དང་སློབ་གྲྭའི་འཇོན་མི་ནང་འདྲེན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། འཇོན་མི་ནང་འདྲེན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། རིམ་པ་མཐོ་བའི་དགོས་མཁོ་དང་འཇོན་མི་དཀོན་པར་དམིགས་ནས་ལས་གནས་ཁྱད་པར་ཅན་བཙུགས་པ་དང་། གཞི་རིམ་གྱི་གདན་ཞུའི་ཆ་རྐྱེན་ཇེ་ལྷོད་དུ་བཏང་བར་མ་ཟད། དུས་བཅད་ལྟར་ཞབས་ཞུའི་དུས་ཡུན་ཐག་བཅད་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། ཞིང་ཆེན་ཡོངས་ཀྱིས་སྨན་བཅོས་འཕྲོད་བསྟེན་མི་དོན་ལས་ཁུངས་ཀྱི་གདན་ཞུའི་ལས་གནས4400ལྷག་ཁྱབ་སྒྲོག་བྱས་པར་མ་ཟད། ད་དུང་སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པ་ཡི་ཆེད་དོན་གདན་ཞུའི་ལས་གནས་ལེགས་འགྲུབ་བྱས་ཡོད། དུས་མཚུངས་སུ། ལས་གནས་སྒྲིག་གཞིའི་བསྡུར་ཚད་རིགས་དགར་ནས་ཇེ་ལེགས་སུ་བཏང་བ་དང་། སྒྲིག་གཞིས་རང་བདག་ངང་ལས་གནས་ཇུས་གཞི་བཟོ་རྒྱུར་རྒྱབ་སྐྱོར་བྱས་ཡོད་ལ། གཞི་རིམ་ལས་ཐོབ་ཀྱི“ཕྱོགས་ངེས་གཉིས”ལམ་ལུགས་ལ་སྐུལ་འདེད་བཏང་བ་ལས་གཞན། ལས་གནས་འགུལ་རྣམ་དོ་དམ་ལམ་སྲོལ་བཙུགས་ཏེ། གཙོ་གནད་སྒྲིག་གཞི་དང་འཇོན་མིར་གཞོལ་ནས་རྒྱབ་སྐྱོར་བཅས་བྱས།
དུས་མཚུངས་སུ། གྲོང་ཁྱེར་དང་ཁུལ་རིམ་པ་དང་དེ་བཞིན་དེའི་ཡན་གྱི་སྨན་བཅོས་སྒྲིག་གཞིའི་ཆེད་ལས་ལག་རྩལ་མི་སྣས་མཐོ་རིམ་པ་གཞོན་པ་དཔྱད་འདེམས་བྱེད་པར་གཞི་རིམ་གྱི་ལོ་གཅིག་ཡན་གྱི་ཞབས་ཞུའི་ཉམས་མྱོང་ཡོད་དགོས་པ་ཁ་གསལ་བཟོས་ནས། འཇོན་མི་གཞི་རིམ་དུ་ཡོང་བར་ཁྲིད་སྟོན་བྱས། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་དེ་ཁུལ་དྲུག་གི་གཞི་རིམ་གྱི“ཕྱོགས་ངེས་གཉིས”དཔྱད་བསྡུར་གདན་ཞུའི་ལས་རིམ་ནང་བཅུག་ནས། གཞི་རིམ་ནས་ཡུན་རིང་ལས་འགན་འཁུར་བ་དང་གྲུབ་འབྲས་མངོན་གསལ་ཅན་བླངས་པའི་མི་སྣར་དམིགས་བསལ་ལྟ་སྐྱོང་བྱེད་རྒྱུ་རེད། མིག་སྔར་གཞི་རིམ་གྱི་ཆེད་ལས་ལག་རྩལ་མི་སྣ་ཆིག་སྟོང་དྲུག་བརྒྱ་ཉེར་བཞི་ཡིས་འབྲེལ་ཡོད་སྲིད་ཇུས་བརྒྱུད་དེ་ལས་ཐོབ་རེག་ཡོད། གཞན་ཡང་ཉེ་བའི་ལོ་ལྔའི་ནང་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཆེད་མཁས་པ་མང་པོ་འདེམས་སྒྲུག་བྱས་པ་དང་། མཐོ་རིམ་ཞིབ་སྦྱོང་འཛིན་གྲྭ་གཉེར་ཏེ་མི70ལ་གསོ་སྦྱོང་བྱས་ཡོད། 2022ལོ་ནས་བཟུང་མི55བདམས་ནས་སྨན་ཁང་གྲགས་ཅན་དུ་གསོ་སྦྱོང་བྱས་པ་དང་། དེའི་ཁྲོད་ཀྱི་ཁག་གཅིག་ད་ལྟ་ལས་ཁུངས་ཀྱི་རྐང་འཛིན་པར་གྱུར་ཡོད།
གཞན་ཡང་མཚོ་སྔོན་གྱིས་མི་དོན་ལས་ཁུངས་ཀྱི་ཡོང་འབབ་བགོ་བཤའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། སྨན་བཅོས་མི་སྣའི་གཞི་རྩའི་གླ་ཕོགས་དང་ཕོགས་སྣོན་ཁ་གསབ་མཐོ་རུ་བཏང་བ་དང་དཔྱད་ཞིབ་བྱ་དགའ་མངོན་འགྱུར་བྱུང་ཡོད། གཞུང་བཙུགས་སྨན་ཁང་གི་གླ་ཕོགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། རིམ་པ་དབྱེ་བ་དང་རིགས་དགར་ཏེ་གླ་ཕོགས་སྙོམས་སྒྲིག་ལག་བསྟར་བྱེད་པ། འཕར་སྣོན་ལམ་སྲོལ་འཛུགས་པ། ལས་ཁུངས་ཀྱིས་རང་བདག་སྒོས་ནང་ཁུལ་གྱི་བགོ་བཤའི་བྱེད་ཐབས་བཟོས་ཆོག་པ། འཐབ་ཕྱོགས་དང་པོ་དང་བྱས་རྗེས་མངོན་གསལ་དོད་པའི་མི་སྣར་གཟིགས་སྐྱོང་བྱ་ཆོག་པ་བྱས། དུས་མཚུངས་སུ། གཞི་རིམ་གྱི་བྱས་འབྲས་གླ་ཕོགས་སྲིད་ཇུས་འཐུས་ཚང་དུ་བཏང་ནས། ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གིས་གཞུང་བཙུགས་སྨན་ཁང་ལ་གཞིགས་ནས་གྲུབ་འབྲས་མང་དུ་བཏང་ཆོག་པ་དང་གཞི་རིམ་འཇོན་མིའི་དཔུང་སྡེ་སྔར་ལས་ཇེ་བརྟན་དུ་བཏང་ནས། སྨན་བཅོས་མི་སྣར་བཅོས་སྒྱུར་གྱི་ཁེ་སྤོགས་ཏན་ཏིག་ལོངས་སུ་སྤྱོད་དུ་བཅུག
བན་དེ་སྐྱབས་ཀྱིས་བསྒྱུར།