ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་རྩེ་ཚོགས་ལ་ཡིག་ཐོག་གསུང་བཤད་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ས་དེའི་དུས་ཚོད་ཟླ10པའི་ཚེས31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་ཁོ་རེ་ཡའི་ཆིན་ཀྲོའུ་རུ་འཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་རྩེ་ཚོགས་སྟེང་། ཁ་བྱང་ལ《ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་འཛམ་གླིང་གི་འཕེལ་རྒྱས་དང་དར་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས》ཞེས་པའི་ཡིག་ཐོག་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་རྒྱལ་སྤྱིའི་གནས་བབ་ཟང་ཟིང་ཡིན་ལ། འཛམ་གླིང་ཡང་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས། གདམ་ག་ཇི་འདྲ་བྱས་ཀྱང་འཛམ་གླིང་གི་མ་འོངས་པར་ཤུགས་རྐྱེན་གཏིང་ཟབ་ཐེབས་ངེས་ཡིན། ཕྱོགས་སོ་སོས་མིག་རྒྱང་རིང་པོ་དང་འགན་འཁྲི་ཁུར་ཕོད་པ་བྱས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མི་དམངས་ཀྱི་རེ་སྒུག་དང་འཚམ་ཞིང་ལོ་རྒྱུས་ཀྱི་ཉམས་ལེན་ཐེག་ཐུབ་པའི་གདམ་ག་བྱེད་དགོས། ལོ་རྒྱུས་ལས་ང་ཚོར་མིའི་རིགས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱེད་དགོས་ལ། བཙན་དབང་རིང་ལུགས་ཀྱིས་དམག་འཁྲུག་གི་ཟིང་ཆ་དང་གོད་ཆག་བཟོ་སྲིད་པ་དང་། དྲང་བདེན་འདྲ་མཉམ་ནི་ད་གཟོད་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་སྲུང་གལ་ཆེན་ཡིན་པའི་བརྡ་གཏོང་བཞིན་ཡོད། འགྲན་རྒོལ་དང་ཁ་གཏད་དུ་ལངས་རེས་བྱས་པ་དེས་བར་ཆད་དང་གཡོ་འགུལ་བཟོ་བས། མཉམ་ལས་མཉམ་རྒྱལ་ནི་ད་གཟོད་ཇི་ཙམ་བསྐྱོད་ན་དེ་ལྟར་རྒྱ་ཆེ་བའི་མི་ཡུལ་གྱི་འགྲོ་ལམ་ཡང་དག་དེ་ཡིན། ཕྱོགས་རྐྱང་རིང་ལུགས་ཀྱིས་ཁ་བྲལ་དང་རྗེས་ལུས་ཐེབས་སུ་འཇུག་པས། ཕྱོགས་མང་རིང་ལུགས་ནི་གོ་ལ་ཧྲིལ་བོའི་འགྲན་སློང་ལ་ཁ་གཏད་འཇལ་བའི་ལྡོག་མེད་ཀྱི་གདམ་ག་ཁོ་ན་དེ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ད་ཡོད་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་དང་ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་ལེན་བྱེད་མཁན་དེ་ཡིན། ཀྲུང་གོས་སྔ་རྗེས་སུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་བཏོན་ཏེ། དེང་སྐབས་འཛམ་གླིང་གི་གནད་དོན་འབུར་ཐོན་ཅན་ཐག་གཅོད་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ཕུལ་ཡོད། སང་ལོར་ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་ཐེངས་གསུམ་པའི་འགན་འཁུར་རྒྱུ་ཡིན་ཞིང་། ཕྱོགས་སོ་སོ་དང་མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་གཅིག་མཐུན་ཚོགས་པ་བཙུགས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་དང་། ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྩོལ་ཐུབ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དེ་ནི་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བའི་རླབས་རྒྱུན་དང་བསྟུན་ནས་བཙུགས་པ་དང་། ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་འཕར་སྣོན་དང་དར་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་དམིགས་ཡུལ་དང་རྩ་དོན་དུ་བཟུང་ཡོད། ཕྱོགས་སོ་སོས་ཐོག་མའི་དམ་བཅའ་ཡིད་ལ་བཟུང་ནས་སྔར་བས་གསོན་ཤུགས་དང་མཉེན་ཆ་ལྡན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ལ་བརྟེན་ནས་འཛམ་གླིང་ལ་བྱས་རྗེས་འཇོག་དགོས།

གཅིག་ནས་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པར་སྣེ་ཁྲིད་དགོས། རྒྱལ་ཁབ་སོ་སོས་ཆེ་ཆུང་དང་དྲག་ཞན། དབུལ་ཕྱུག་གང་ཡིན་ལ་མ་བལྟོས་པར་ཚང་མར་འདྲ་མཉམ་ངང་རྒྱལ་སྤྱིའི་ལས་དོན་ལ་ཞུགས་པའི་དབང་ཆ་ཡོད། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། གླེང་མོལ་དང་གྲོས་མོལ་ལ་བརྟེན་ནས་འགལ་བ་དང་རྩོད་གཞི་ཐག་གཅོད་དགོས།

གཉིས་ནས་སྒོ་འབྱེད་ལག་བསྟར་བྱེད་པར་སྣེ་ཁྲིད་དགོས། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་དུ་འཛིན་པ་དང་སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་ཕྲེང་སྦྲེལ་དང་མཁོ་སྤྲོད་ཕྲེང་སྦྲེལ་ལེགས་པར་ཤར་གཏོང་ཐུབ་རྒྱུར་སྲུང་སྐྱོང་བྱེད་དགོས་ལ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རང་མོས་ཉོ་ཚོང་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་སྟོབས་ཤུགས་འབུལ་དགོས།

གསུམ་ནས་མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པར་སྣེ་ཁྲིད་དགོས། མཐུན་ཡང་ལྟ་བ་མི་གཅིག་པ་འཛིན་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་སྣ་མང་ཅན་གྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ། དགེ་མཚན་གསབ་རེས་བྱེད་དགོས་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ཁེ་ཕན་གསབ་རེས་བྱས་ནས། རྒྱལ་ཁབ་སོ་སོས་ཕན་ཚུན་བར་མཉམ་དུ་གྲུབ་འབྲས་བསྐྲུན་པ་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་མཉམ་ལས་ཀྱི་རྣམ་པ་གྲུབ་པར་བྱ་དགོས།

བཞི་ནས་ཀུན་ཕན་དཀྱེལ་ཡངས་ལ་སྐུལ་འདེད་གཏོང་བར་སྣེ་ཁྲིད་དགོས། མི་རྩ་བར་འཛིན་པ་་རྒྱུན་འཁྱོངས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་སུ་འགྲོ་བཞིན་པའི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཧེ་བག་སྔར་ལས་ཇེ་ཆུང་དུ་གཏོང་བ་བཅས་བྱས་ཏེ། མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མི་དམངས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་མང་པོའི་རིང་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་དཔལ་འབྱོར་འཕར་བར་བྱས་རྗེས་འཇོག་མཁན་གཙོ་བོ་དེ་ཡིན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། ཀྲུང་གོའི་དཔལ་འབྱོར་ལ5.5%ཡས་མས་ཀྱིས་ཆ་སྙོམས་འཕར་ཚད་མངོན་འགྱུར་བྱུང་སྟེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་བྱས་རྗེས་འཇོག་ཚད30%ཡས་མས་སུ་ཡོད། ཀྲུང་གོ་ནི་རྒྱལ་ཁབ་རིམ་པའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་ཚོགས་གཉེར་མཁན་དང་འཛམ་གླིང་ཡོངས་ལ་ཁྲོམ་རའི་སྒོ་མོ་འབྱེད་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཅིག་པུ་དེ་ཡིན་ཞིང་། ཁྲོམ་རའི་བར་སྟོང་ཆེ་ལ་འཚར་ལོངས་ཀྱི་སྔོན་དཔག་ལེགས་པོ་ཡོད་པས། གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་མང་པོ་མཁོ་འདོན་བྱ་ཐུབ། ཀྲུང་གོས་རིགས་མི་འདྲ་བའི་སྤྱི་དབང་ཁེ་ལས་ཀྱིས་འདྲ་མཉམ་ངང་བརྩོན་ལེན་དང་ཕན་ཚུན་འགྲན་རྩོད་ཀྱིས་གོང་དུ་འཕེལ་བར་སྐུལ་འདེད་བཏང་སྟེ། ཕྱི་དངུལ་ནང་གཏོང་ཆོག་མཆན་གྱི་གསལ་ཐོ་ཁག29རུ་ཇེ་ཉུང་དུ་བཏང་ཡོད་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་ཁྱབ་ཁོངས་སུ“གཙང་སེལ”མངོན་འགྱུར་བྱུང་སྟེ།  ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་རྒྱ་ཆེར་བཏང་བ་དང་། དེ་ནི་གོ་ལ་ཧྲིལ་པོས་ཁས་ལེན་པའི་ཆེས་བདེ་འཇགས་ཡིན་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པས། དེས་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱེད་ཐུབ། ཀྲུང་གོས་མ་འོངས་པའི་ཐོན་ལས་ཧུར་ཐག་གིས་འཕེལ་རྒྱས་དང་། གསར་དར་ཐོན་ལས་རྒྱ་སྐྱེད་པ། སྲོལ་རྒྱུན་གྱི་ཐོན་ལས་རིམ་སྤར་བཅས་བྱས་ཏེ། ལྗང་མདོག་ཅན་དང་། གཞི་གྲངས་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ལ། གསར་གཏོད་ཀྱི་སྟོབས་ཤུགས་དེ་མུ་མཐུད་དུ་དཔལ་འབྱོར་གྱི་སྒུལ་ནུས་སུ་བསྒྱུར་ནས། གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་གསར་གཏོད་ཀྱི་གར་སྟེགས་རྒྱ་ཆེན་པོ་མཁོ་འདོན་བྱེད་ཐུབ། ཀྲུང་གོས་ཐཱན་ཉུང་དང་། སྦགས་བཙོག་ཉུང་གཏོང་། སྔོ་ལྗང་བསྐྱེད་པ། དཔལ་འབྱོར་འཕར་སྣོན་བཅས་ལ་མཐུན་སྦྱོར་སྒོས་སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོའི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཀྱི་མ་ལག་ཆེས་ཆེ་བ་དང་། ཆེས་ཆ་ཚང་བའི་ནུས་ཁུངས་གསར་པའི་ཐོན་ལས་ཕྲེང་སྦྲེལ་ཞིག་བསྐྲུན་ཡོད་སྟབས། གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་ལྗང་མདོག་འཕར་སྣོན་འབྱུང་བར་ཆ་རྐྱེན་བསྐྲུན་ཡོད། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལས་ཆེས་བསམ་ཐོག་དུ་ཡོད་ལ་ཆེས་བདེ་འཇགས་ཡིན་པ། བྱ་བར་འབྲས་བུ་ཡོད་པའི་མ་དངུལ་གཏོང་ཡུལ་དུ་གྱུར་ཡོད་པས། ཀྲུང་གོ་དང་མཉམ་དུ་འགྲོ་བ་ནི་གོ་སྐབས་དང་མཉམ་དུ་འགྲོ་བ་ཡིན་ལ། ཀྲུང་གོར་ཡིད་ཆེས་ཡོད་པ་ནི་སང་ཉིན་ལ་ཡིད་ཆེས་ཡོད་པ་ཡིན་ཞིང་། ཀྲུང་གོར་མ་དངུལ་གཏོང་བ་ནི་མ་འོངས་པར་མ་དངུལ་གཏོང་པ་དེ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན།  ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་བཟོ་ཚོང་ལས་རིགས་ནི་དུས་རབས་ཀྱི་སྔོན་སྐྱོད་པ་དང་། འཕོ་འགྱུར་གྱི་གསར་འབྱེད་པ། འཕེལ་ཕྱོགས་ཀྱི་སྣེ་ཁྲིད་པ་བཅས་ཡིན་པས། ཚང་མས་མུ་མཐུད་དུ་གསར་གཏོད་ཡར་བརྩོན་དང་། སྒོ་འབྱེད་གསར་གཏོད། བློ་བརྟན་འགྱུར་མེད་བཅས་ཀྱི་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕེལ་རྒྱས་དང་དར་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་དང་འཛམ་གླིང་གི་སྔར་བས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།