ཞིང་ཆེན་ཡོངས་ཀྱི་དགུན་དུས་དང་དཔྱིད་ཀྱི་སྤུས་ལེགས་ཡུལ་སྐོར་ཐོན་ཁུངས་སྔར་ལས་སྡེབ་སྒྲིག་དང་། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་སྦས་ཤུགས་སྔོག་ཆེད་དང་། མཚོ་སྔོན་གྱི་དགུན་ཁས་དྲོད་སྣང་སྟེར་ཐུབ་ཅིང་དཔྱིད་ཀྱི་དཔལ་མོར་གསོན་ཤུགས་རྒྱས་པའི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་ཆེད། ཟླ10པའི་ཚེས31ཉིན། མཛེས་པའི་མཚོ་སྔོན་ནས་མཉམ་འཛོམས་བྱས་ཏེ་དགུན་དཔྱིད་དུས་ཀྱི་ལྗོངས་རྣམ་ལོངས་སུ་སྤྱོད་ཅེས་པའི2025ལོ་ནས2026ལོའི་མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་དམངས་ཕན་མུ་འབྲེལ་བྱེད་སྒོ་ཟི་ལིང་དུ་སྤེལ་མགོ་བརྩམས།
བྱེད་སྒོའི་ཡུལ་དངོས་སུ། མཚོ་སྔོན་རིག་པས་སྐོར་ཞེས་པའི་སྤྱི་བའི་ཞབས་ཞུའི་སྟེགས་བུ་འགྲེམས་སྤེལ་དང་། མཚོ་སྔོན་ཞིང་ཆེན་གྱི་དགུན་ཁ་དང་དཔྱིད་དུས་ཀྱི་སྤུས་ལེགས་ཡུལ་སྐོར་ལམ་ཐིག་ཁྱབ་བསྒྲགས་བྱས་ལ། 2025ལོའི་ཀྲུང་གོའི་ཁྱད་ལྡན་ཡུལ་སྐོར་ཚོང་རྫས་འགྲན་སྡུར་གྱི་གནས་ཚུལ་དང་དཔྱད་འདེམ་མཇུག་འབྲས་མཚམས་སྦྱོར་བྱས། ཡུལ་དངོས་སུ་ཁྱད་ལྡན་ཡུལ་སྐོར་ཚོང་རྫས་འགྲེམ་སྟོན་ཁུལ་དང་། ཞིང་ལས་ལུས་རྩལ་དང་རིག་གནས་ཡུལ་སྐོར་ཚོང་ལས་བཅས་བརྗོད་དོན་ཡིན་པའི་ཚོང་ར་བཀོད་སྒྲིག་བྱས་ཡོད། དགུན་ཁ་དང་དཔྱིད་དུས་ཀྱི་ཡུལ་སྐོར་ཐོན་རྫས་དང་། ཆུ་ཚན་ཁམས་གསོའི་གུང་གསེང་ལས་གཞི། གཟུགས་འདས་རིག་གནས་ཤུལ་བཞག དགུན་ཁ་དང་དཔྱིད་ཀའི་ལུས་རྩལ་ཐོན་རྫས། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་གཅིག་སྡུས་ཀྱིས་བསྟན་པ་ལས་མཚོ་སྔོན་གྱི་དགུན་དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱས། རི་ཀླུང་ཐང་གསུམ་གྱི་ཁྱད་མཚར་ལ་སྐོར་བ་མཚོན་བྱེད་དུ་གྱུར་པའི་དཔེ་མཚོན་ལམ་ཐིག་དང་ཁྱད་ལྡན་ལམ་ཐིག་ལྔ་བརྟེན་ནས། གངས་རི་དང་མཚེའུའི་གཟིགས་སྣང་། མིག་དམར་ས་དབྱིབས། དགུ་ཚིགས་གསོལ་སྟོན་བཅས་མིག་གི་མཐོང་ཡུལ་གཙོ་བོར་འཛིན་པ་དང་། གངས་འཁྱགས་ལུས་རྩལ་དང་། ཆུ་ཚན་ཁམས་གསོ། དམངས་སྲོལ་མགྲོན་ཁང་དུ་སྡོད་པ་སོགས་ཉམས་ལེན་སྣ་མང་མཉམ་འདྲེས་གཏིང་ཟབ་ཡོང་བ་བྱ་རྒྱུ་རེད།
ཐོན་ཁུངས་ཕལ་བ་དེ་གསར་དར་ཐོན་ལས་སུ་བསྒྱུར་བར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་གིས་གཟུགས་འདས་ཤུལ་བཞག་དང་། གངས་འཁྱགས། ཆུ་ཚན། དམངས་སྲོལ་མགྲོན་ཁང་སོགས་བརྗོད་བྱར་བཟུང་སྟེ། རྣམ་པ་སྣ་ཚོགས་ཤིང་ནང་དོན་ཕུན་སུམ་ཚོགས་པའི་དགུན་ཁ་དང་དཔྱིད་ཀའི་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་འགྲེམས་སྤེལ་བྱས། ཟི་ལིང་གི་དར་བརྐོས་སྒྱུ་རྩལ་དང་། མཚོ་བྱང་གི་གངས་འཁྱགས་དུས་རབས། མཚོ་ཤར་གྱི་མཚོ་སྔོན་གྱི་ལོ་དང་ཆེས་བཟང་བའི་མཚོ་ཤར་ཞེས་པའི་ཟོང་རྟགས་བྱེད་སྒོ། རྨ་ལྷོ་རེབ་གོང་གི་གཡུ་ཐོག་དམངས་སྲོལ་ཉམས་ལེན། མཚོ་ལྷོ་དང་མཚོ་ནུབ་ཀྱི་མཆོག་གཙང་མཚོ་ལྷོ། ཀྲེ་ཅང་དང་མཚོ་སྔོན་གྱིས་སེམས་མཐུན་རི་མོ་མཉམ་འགོད་བྱེད་ཅེས་པའི་རིག་གནས་ཡུལ་སྐོར་འགྲེམས་སྦྱོར་བྱེད་པ། ཡུས་ཧྲུའུ་ཡི་རིག་གནས་དང་ལུས་རྩལ་འདུ་བའི་ལམ་ཕྱེད་མ་ལ་སུང་། མགོ་ལོག་གི་གཟུགས་འདས་ཤུལ་བཞག་ལས་གཞིའི་འཁྲབ་འགྲེམ་སོགས་རེས་མོས་ཀྱིས་ཀུན་གྱི་སྤྱན་ལམ་དུ་འདྲེན་རྒྱུ་ཡིན་པས། རྒྱལ་ཡོངས་ཀྱི་ཡུལ་སྐོར་བ་དག་མཚོ་སྔོན་དུ་འཛོམས་ནས། དུས་ཚིགས་གཉིས་བསྣོལ་མར་འདྲེས་པའི་ཡུལ་སྲོལ་ལྗོངས་རྒྱུའི་མཚར་སྣང་ཐ་དག་ཉམས་སུ་བཞེས་པར་གདན་ཞུ་བྱས།
རྒྱ་ཆེའི་ཡུལ་སྐོར་སྐུ་མགྲོན་དག་གིས་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་ཆེད། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་མཚོ་སྔོན་ཞིང་ཆེན་གྱིས་དམངས་ཕན་གྱི་བྱེད་ཐབས་སྣ་ཚོགས་འགྲེམས་སྤེལ་བྱེད་རྒྱུ་རེད། མྱུར་སྤྲོད་རྩིས་རྒྱག་དང་། ཞེ་ཁྲིན་སོགས་སྟེགས་སུ་བརྒྱུད་དེ་སྤྱིའི་རིན་ཐང་སྒོར་བྱེ་བ་གསུམ་ཅན་གྱི་རིག་གནས་ཡུལ་སྐོར་འཛད་སྤྱོད་བྱང་བུ་བྱིན་པ་དང་། དེའི་ཁྲོདAརིམ་པའི་ལྗོངས་ཁུལ་དང་། གངས་ཤུད་ར་བ། ཆུ་ཚན་ཁམས་གསོ་སོགས་ཀྱི་འཛད་སྤྱོད་གནས་ཡུལ་འདུས་ཡོད། ཞིང་ཆེན་ཡོངས་ནས་དགུན་ཁར་སྒོ་འབྱེད་པའི་ལྗོངས་ཁུལ་དུ་སྒོ་བྱང་ཕབ་གཅོག་དང་རིན་གོང་ཕྱེད་ལ་ཕབ་པ། འདུ་འཛི་དབེན་པའི་དུས་ཚིགས་སུ་སྒོ་བྱང་ཉོ་མི་དགོས་པ། ལྗོངས་ཁུལ་གྱི་རིན་མེད་རླངས་འཁོར་སོགས་སྤྱི་ཕན་སྲིད་ཇུས་ལག་བསྟར་བྱས་ཏེ། དགུན་ཁ་དང་དཔྱིད་ཀར་མཚོ་སྔོན་དུ་ཡོང་བའི་ཡུལ་སྐོར་སྐུ་མགྲོན་རྣམས་ལ་སྔར་ལས་སྤུས་ལེགས་ཤིང་། དངོས་ཕན་གྱི་ཕྱིར་བསྐྱོད་ཉམས་ལེན་འདོན་སྤྲོད་བྱས་ཡོད།