ཟླ11པའི་ཚེས1ཉིན་པར་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས21པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ《〈ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བཟོ་རྒྱུའི་གྲོས་གཞིའི〉སྐོར་གྱི་གསལ་བཤད》ཅེས་པ་སྤེལ།
ཞི་ཅིན་ཕིང་གིས་དུས་ཡུན་རིང་འབྲིང་གི་འཆར་འགོད་བཟོས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་སྟོན་བྱ་རྒྱུ་ནི་ང་ཚོའི་ཏང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཞིབ་འཇུག་བྱས་ནས་བཟོས་པ་ནི། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། དུས་བཅད་ལྟར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་སྔར་ལས་སྲ་བརྟན་ཞིག་འདིང་བར་དོན་སྙིང་གལ་ཆེན་ལྡན། 《གྲོས་གཞིའི》འཆར་ཟིན་གྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱས་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་འཕྲད་པའི་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་རྒོད་པའི་གནས་བབ་ལ་དབྱེ་ཞིབ་གང་ལེགས་བྱས་ཏེ། མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ལ་ ཇུས་འགོད་གང་ལེགས་དང་འཐབ་ཇུས་འཆར་འགོད་བྱས་པ་དེ་ནི། གནས་བབ་དང་བསྟུན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་གཞན་ཞིག་ཡིན་ཞིང་། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡོང་བའི་ངོ་མཚར་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་མུ་མཐུད་འབད་པས་རྩོམ་རྒྱུ་དང་། འབད་བརྩོན་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་སྐྲུན་རྒྱུའི་ལོ་རྒྱུས་ཀྱི་རང་རྟོགས་རང་བཞིན་གང་ལེགས་སྒོས་མཚོན་ཡོད་པའི་དབང་གིས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་གཏན་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས《གྲོས་གཞིའི》མ་ཡིག་ལ་འཆར་ཟིན་འགོད་པའི་བརྒྱུད་རིམ་ཁྲོད་དུ། ང་ཚོས་གཤམ་གསལ་གྱི་གནད་འགའ་ཁོང་དུ་ཆུད་རྒྱུར་དོ་སྣང་བྱས་ཡོད། གཅིག་ནས་དམིགས་འབེན་ཁྲིད་སྟོན་དང་གནད་དོན་ཁྲིད་སྟོན་རྒྱུན་འཁྱོངས་བྱས་པ་དང་། གཉིས་ནས་མ་ལག་གི་བསམ་གཞིགས་རྒྱུན་འཁྱོངས་བྱས་ཡོད་ལ། གསུམ་ནས་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཡོད། བཞི་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་སྔར་ལས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་གནད་དོན་གལ་ཆེན་འགའི་སྐོར་ནས་གསལ་བཤད་གནང་། དང་པོ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་གོ་གནས་གལ་ཆེན་སྐོར་ཡིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཡིན་པས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་གཏན་འབེབས་དང་ལག་བསྟར་ཡག་པོ་བྱས་པ་ཡིན་ན། གཞི་ནས2035ལོར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་སྔར་ལས་སྲ་བརྟན་ཞིག་འདིང་ཐུབ། གཉིས་པ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་སྐོར་ཡིན།《གྲོས་གཞིའི》འཆར་ཟིན་གྱིས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི” དུས་སྐབས་ཀྱི་གཞི་རྩའི་ངེས་གནས་དང་དུས་རིམ་རང་བཞིན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱེད་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་གཙོ་བོ་ཁ་གསལ་བཟོས་ཏེ། དཔལ་འབྱོར་འཕར་སྣོན་གྱིས་ལུགས་མཐུན་གྱི་ཁྱབ་ཁོངས་རྒྱུན་འཁྱོངས་དང་། རྒྱུ་རྐྱེན་གཙོ་བོ་ཡོངས་ཀྱི་ཐོན་སྐྱེད་ལས་ཆོད་བརྟན་པོའི་ངང་མཐོར་འདེགས་གཏོང་བ། དཔལ་འབྱོར་འཕར་སྣོན་གྱི་སྦས་ཤུགས་གང་ལེགས་སྒོས་མངོན་པར་བྱེད་པ། དུས་མཉམ་གཅིག་ཏུ་གྲོང་མིའི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་ཡོང་བར་བྱེད་པ། དུས་མཉམ་གཅིག་ཏུ་ངལ་རྩོལ་གླ་ཕོགས་ཇེ་མཐོར་གཏོང་བ་དང་ངལ་རྩོལ་ཐོན་སྐྱེད་ལས་ཆོད་མཐོར་འདེགས་གཏོང་བ། ཡོང་འབབ་འབྲིང་རིམ་ཚོགས་སྤྱི་རྒྱུན་མཐུད་ངང་རྒྱ་སྐྱེད་གཏོང་བ་སོགས་ཀྱི་དམིགས་འབེན་གལ་ཆེན་བཏོན་ཡོད། གསུམ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་དུ་འཛིན་རྒྱུའི་སྐོར་ཡིན།《གྲོས་གཞི》དེ“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་དང་གཅིག་རྒྱུན་གཅིག་འཛིན་ཡིན་པའི་དབང་གིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་མུ་མཐུད་དུ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་སྙིང་དུ་བཟུང་ནས། དཔལ་འབྱོར་འཛུགས་སྐྲུན་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་སྔར་ལས་ཇེ་མགྱོགས་སུ་བཏང་ནས། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་བཏོན་ཡོད། བཞི་པ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་གེགས་མེད་གཏོང་རྒྱུའི་སྐོར་ཡིན། 《གྲོས་གཞིའི》འཆར་ཟིན་ནང་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་སྟོབས་ལྡན་དུ་གཏོང་རྒྱུ་སྔར་ལས་མངོན་གསལ་ཅན་དུ་གཏོང་བ་དང་། རྒྱལ་ནང་གི་ཁྲོམ་ར་སྟོབས་ལྡན་འཛུགས་སྐྲུན་དང་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་རྒྱུར་བཀོད་སྒྲིག་བྱས་པའི་དུས་མཚུངས་སུ། རྒྱལ་སྤྱིའི་འཁོར་རྒྱུག་རྒྱ་སྐྱེད་གཏོང་བ་དང་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་སྐྱེད་གཏོང་རྒྱུ་བཏོན་ཡོད། ལྔ་པ། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བའི་ཐད་གོམ་སྟབས་བརྟན་པོ་སྤོ་རྒྱུའི་སྐོར་ཡིན། 《གྲོས་གཞིའི》འཆར་ཟིན་ནང་ཐུན་མོང་ཕྱུག་འགྱུར་གྱི་དམིགས་འབེན་བླང་བྱ་དམ་འཛིན་ནན་མོ་བྱས་ཏེ། དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་རྒྱུར་དམིགས་ཏེ། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གང་ལེགས་གཏོང་བ་དང་། ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་ནས་དོ་མཉམ་རང་བཞིན་དང་བཀོལ་ཆོག་པའི་རང་བཞིན་ཆེ་བའི་སྲིད་ཇུས་བྱེད་ཐབས་ཁག་གཅིག་བཀོད་སྒྲིག་བྱས་ཡོད། དྲུག་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱ་རྒྱུའི་སྐོར་ཡིན། 《གྲོས་གཞིའི》འཆར་ཟིན་ནང་། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བཏོན་ཡོད། བདུན་པ། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་ཡིན། 《གྲོས་གཞིའི》འཆར་ཟིན་ནང་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་དམིགས་ནས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་གྱི་དོན་འཁྱོལ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་རྒྱུར་ནན་བཤད་བྱས་ཡོད།