
ས་དེའི་དུས་ཚོད་ཟླ10པའི་ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཧྲན་དུ་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་མཇལ་འཛོམས་གནང་།
ས་དེའི་དུས་ཚོད་ཟླ10པའི་ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཧྲན་དུ་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་མཇལ་འཛོམས་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རིའི་འབྲེལ་བ་དེ་ང་ཚོའི་ཐུན་མོང་གི་སྣེ་ཁྲིད་འོག་སྤྱིའི་ཆ་ནས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་ཁབ་གཉིས་ཀ་གྲོགས་པོ་བྱེད་པ་ནི་ལོ་རྒྱུས་ཀྱི་བསླབ་བྱ་ཡིན་ལ་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཀྱང་ཡིན། རྒྱལ་ཁབ་གཉིས་ཀྱི་རྒྱལ་ཁབ་གནས་ཚུལ་མི་འདྲ་བས། ཕྱོགས་འགལ་ཁ་ཤས་ཡོང་བ་ནི་གཡོལ་ཐབས་མེད་པ་དང་། འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་སྔོན་མ་གཉིས་ཡིན་པའི་ངོས་ནས་སྐབས་འགར་ཀླན་ཀའང་འབྱུང་སྲིད་ལ་དེ་ནི་རྒྱུན་ལྡན་ཞིག་རེད། དཀའ་ངལ་དང་འགྲན་སློང་གི་མདུན་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་དེ་དེད་དཔོན་ཡིན་པའི་ཆ་ནས། ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱེད་པ་དང་སྤྱི་ཡོངས་ལ་ཁ་ལོ་བསྒྱུར་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་འདི་བརྟན་པོའི་ངང་མདུན་སྐྱོད་ཐུབ་པར་བྱེད་དགོས། ངས་སྲིད་འཛིན་ཐི་ལང་ཕུའུ་དང་ལྷན་དུ། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བར་རྨང་གཞི་བརྟན་པོ་ཞིག་འདིང་པ་དང་། རྒྱལ་ཁབ་གཉིས་སོ་སོར་འཕེལ་རྒྱས་འགྲོ་བར་ཁོར་ཡུག་ལེགས་པོ་བསྐྲུན་འདོད་ཡོད།

ས་དེའི་དུས་ཚོད་ཟླ10པའི་ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཧྲན་དུ་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་མཇལ་འཛོམས་གནང་།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཡག་པོ་ཡིན་ལ། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་འཕར་ཚད5.2%ལ་སླེབས་པ་དང་། འཛམ་གླིང་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད4%འཕར་ཡོད། དེ་ནི་ཕྱི་ནང་གི་དཀའ་ངལ་ཁྱད་དུ་བསད་ནས་མངོན་འགྱུར་བྱུང་བ་ཡིན་པས་ལས་སླ་པོར་བྱུང་བ་ཞིག་མིན། ཀྲུང་གོའི་དཔལ་འབྱོར་ནི་རྒྱ་མཚོ་ཆེན་པོ་ལྟ་བུ་ཞིག་ཡིན་ཕྱིར། གཞི་ཁྱོན་དང་མཉེན་ཆ། བག་ཤུགས་བཅས་ཚང་མ་ཆེ་ཙམ་ཡོད་པ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་ཐུབ་པའི་ཡིད་ཆེས་ཡོད་ལ་ནུས་པའང་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་མ་འོངས་པའི་ལོ་ལྔའི་རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་གྲོས་འགོ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ལོ་ངོ70ལྷག་གི་རིང་། ང་ཚོས་འཆར་འགོད་གཅིག་དོན་འཁྱོལ་དུ་སྒྲུབ་པ་དང་། སྔ་རྒྱུན་རྗེས་མཐུད་ལས་ལ་འབད་ཅེས་མཐའ་འཁྱོངས་བྱས་པ་ལས། སུ་ལ་འགྲན་སློང་དང་སུའི་ཚབ་བྱེད་བསམ་མྱོང་མེད་ལ། བློ་རྩེ་གཅིག་བསྒྲིམས་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབས་པ་དང་། སྔར་ལས་བཟང་བའི་རང་ཉིད་དུ་འགྱུར་བར་བརྩོན་ལེན་བྱས་ནས་འཛམ་གླིང་སྟེང་གི་རྒྱལ་ཁབ་གཞན་དག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་པ་ཡིན། འདི་ནི་ཀྲུང་གོ་ལེགས་འགྲུབ་བྱུང་བའི་རྟེན་གཞི་གལ་ཆེན་ཞིག་ཡིན། ཀྲུང་གོས་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་དང་ཕྱི་ཕྱོགས་སྒོ་འབྱེད་སྔར་ལས་ཆེ་རུ་བཏང་སྟེ། དཔལ་འབྱོར་ཐད་ཀྱི་སྤུས་ཚད་ནུས་ལྡན་སྒོས་མཐོར་འདེགས་དང་གྲངས་འབོར་ལུགས་མཐུན་སྒོས་འཕར་སྣོན་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་དང་། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་མི་དམངས་ཡོངས་་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན། དེས་ཀྲུང་གོ་དང་ཨ་རིའི་མཉམ་ལས་ལ་བར་མཐོངས་སྔར་ལས་ཆེ་བ་གཏོད་རྒྱུའི་ཡིད་ཆེས་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་ཚོགས་པས་དཔལ་འབྱོར་ཚོང་དོན་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་ནས། གནད་དོན་ཐག་གཅོད་བྱེད་པའི་ལྟ་ཚུལ་གཅིག་མཐུན་ཆགས་ཡོད། ཕྱོགས་གཉིས་ཀའི་ཚོགས་པས་རྗེས་མཐུད་བྱ་བ་གང་མགྱོགས་ངང་ཞིབ་ཚགས་སུ་བཟོ་བ་དང་གཏན་འཁེལ་བྱས་ནས། ལྟ་ཚུལ་གཅིག་མཐུན་ལ་སྲུང་སྐྱོང་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ཏེ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོག་ནས་ཀྲུང་གོ་དང་ཨ་རིའི་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་དཔལ་འབྱོར་ལ་སེམས་བདེ་བྱེད་ཅིག་སྟེར་དགོས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་ཉེ་དུས་སུ་ཀྱག་ཀྱོག་བརྒྱུད་ཀྱང་དེས་ཕྱོགས་གཉིས་ལ་བློ་སྒོའང་ཕྱེས་ཡོད་དེ། དཔལ་འབྱོར་ཉོ་ཚོང་ནི་མུ་མཐུད་དུ་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་བརྟན་བྱེད་གྲུ་རྡོ་ལྟ་བུ་ཞིག་དང་སྐུལ་འདེད་གཏོང་ཆས་སུ་བྱེད་པ་ལས་བཀག་རྡོ་དང་འགལ་རྐྱེན་འབྱུང་སར་འགྱུར་མི་ཉན། ཕྱོགས་གཉིས་ཀྱིས་རྩིས་ཆེན་པོ་རྒྱག་པ་དང་མཉམ་ལས་ལས་བྱུང་བའི་ཕུགས་ཀྱི་ཁེ་ཕན་ལ་མང་ཙམ་ལྟ་བ་ལས་ཕན་ཚུན་འཁོན་ལན་སློག་པའི་ངན་འཁོར་ནང་ཚུད་མི་རུང་། ཕྱོགས་གཉིས་ཀའི་ཚོགས་པས་མུ་མཐུད་དུ་འདྲ་མཉམ་དང་བརྩི་འཇོག གཉིས་ཕན་བཅས་ཀྱི་རྩ་དོན་ལྟར་གྲོས་མོལ་བྱེད་པ་དང་། གནད་དོན་གསལ་ཐོ་ཇེ་ཉུང་དུ་གཏོང་བ་དང་མཉམ་ལས་གསལ་ཐོ་ཇེ་མང་དུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འགྲན་རྒོལ་བྱེད་པ་ལས་གླེང་མོལ་བྱེད་པ་བཟང་། ཀྲུང་གོ་དང་ཨ་རིའི་དབར་གྱི་ཐབས་ལམ་སོ་སོ་དང་རིམ་པ་སོ་སོས་འབྲེལ་གཏུག་རྒྱུན་འཁྱོངས་དང་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་དགོས། རྒྱལ་ཁབ་གཉིས་ཀྱིས་ཁྲིམས་འགལ་གནས་སྤོ་དང་གློག་འཕྲིན་མགོ་སྐོར་ལ་རྡུང་རྡེག་དང་། བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པ། མི་བཟོས་རིག་ནུས། འགོས་ནད་ལ་ཁ་གཏད་གཅོག་པ་སོགས་ཀྱི་ཁྱབ་ཁོངས་ཐད་མཉམ་ལས་བྱ་རྒྱུའི་མདུན་ལམ་ཡག་པོ་ཡོད། ཁ་གཏད་སྡེ་ཁག་གིས་ཁ་བརྡ་བརྗེ་རེས་ལ་ཤུགས་བསྣན་ནས་གཉིས་ཕན་མཉམ་ལས་བྱེད་དགོས། ས་ཁུལ་དང་རྒྱལ་སྤྱིའི་གར་སྟེགས་ཐོག་ཏུའང་ཀྲུང་གོ་དང་ཨ་རི་གཉིས་ཀྱིས་མཉམ་འགུལ་བཟང་པོ་བྱེད་ཆོག་སྟེ། དེང་གི་འཛམ་གླིང་དུ་ད་རུང་དཀའ་གནད་མང་པོ་ཡོད། ཀྲུང་གོ་དང་ཨ་རིས་མཉམ་དུ་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་ཚུལ་མངོན་པ་དང་། ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀ་དང་འཛམ་གླིང་ལ་ཕན་པའི་དོན་ཆེན་དང་། དོན་དངོས། བྱ་བ་བཟང་པོ་མང་ཙམ་སྒྲུབ་ཆོག སང་ལོར། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་གི་འགན་འཁུར་རྒྱུ་ཡིན་པ་དང་། ཨ་རིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རྩེ་ཚོགས་གཙོ་གཉེར་བྱ་རྒྱུ་རེད། ཕྱོགས་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱས་ནས་རྩེ་ཚོགས་གཉིས་ཀར་དགེ་མཚན་ལྡན་པའི་གྲུབ་འབྲས་འཐོབ་རྒྱུའི་བརྩོན་ལེན་བྱས་ཏེ་འཛམ་གླིང་དཔལ་འབྱོར་གོང་དུ་འཕར་བར་སྐུལ་འདེད་དང་འཛམ་གླིང་དཔལ་འབྱོར་བཅོས་སྐྱོང་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུའི་ཐད་བྱས་རྗེས་བཞག་ཆོག

ས་དེའི་དུས་ཚོད་ཟླ10པའི་ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཧྲན་དུ་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་མཇལ་འཛོམས་གནང་།
ཐི་ལིང་ཕུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཛོམས་གནང་ཐུབ་པ་གཟི་བརྗིད་ཅིག་ཏུ་བསམ་ཡོད། ཀྲུང་གོ་ནི་རླབས་ཆེན་གྱི་རྒྱལ་ཁབ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་ནི་ཚང་མའི་གོང་བཀུར་ཐོབ་པའི་རླབས་ཆེན་གྱི་འགོ་ཁྲིད་པ་ཡིན་པར་མ་ཟད། ངའི་ལོ་མང་རིང་གི་གྲོགས་པོ་བཟང་པོ་ཡིན་པས། ང་ཚོའི་འབྲེལ་འདྲིས་ཧ་ཅང་སྐྱིད་པོ་ཞིག་ཏུ་གྱུར། ཨ་རི་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་ལེགས་པོ་ཞིག་ཡིན་ལ། མ་འོངས་པར་སྔར་ལས་ཇེ་བཟང་དུ་འགྱུར་སྲིད་པས། ཀྲུང་གོ་དང་ཨ་རིའི་མ་འོངས་པ་སྔར་ལས་མཛེས་སྡུག་ལྡན་པར་རེ་བ་བྱས་ཡོད། ཀྲུང་གོ་ནི་ཨ་རིའི་ཆེས་ཆེ་བའི་གྲོགས་པོ་ཡིན་སྟབས། རྒྱལ་ཁབ་གཉིས་ཀས་ལག་རྡང་སྦྲེལ་ནས་འཛམ་གླིང་དུ་བྱ་བ་གལ་ཆེན་མང་པོ་བསྒྲུབ་སྟེ། ཨ་རི་དང་ཀྲུང་གོའི་མ་འོངས་པའི་མཉམ་ལས་ཐད་ཕན་འབྲས་སྔར་ལས་ཆེན་པོ་བླངས་ཆོག ཀྲུང་གོས2026ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་འཚོགས་རྒྱུ་ཡིན་ལ། ཨ་རིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རྩེ་ཚོགས་འཚོགས་རྒྱུ་ཡིན་པས། ཕྱོགས་གཉིས་ཀས་བྱ་བ་ལེགས་འགྲུབ་འབྱུང་བའི་རྣམ་པ་མཐོང་འདོད་ཡོད།

ས་དེའི་དུས་ཚོད་ཟླ10པའི་ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཧྲན་དུ་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་མཇལ་འཛོམས་གནང་།
རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་མོས་མཐུན་བྱུང་།
རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་རྒྱུན་ལྡན་རང་བཞིན་གྱི་འགྲོ་འོང་སྲུང་འཛིན་བྱེད་པར་མོས་མཐུན་བྱུང་། ཐི་ལང་ཕུའུ་ཡིས་སང་ལོའི་སྔ་ཙམ་ནས་ཀྲུང་གོར་འཚམས་འདྲི་བྱེད་ཐུབ་པའི་རེ་བ་བཅངས་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་འཚམས་འདྲི་བྱེད་པར་གདན་ཞུ་བྱས།
ཚའེ་ཆི་དང་། ཝང་དབྱི། ཧི་ལིས་ཧྥིན་སོགས་མཇལ་འཛོམས་ལ་ཞུགས།