གསར་འགོད་པས་ཚེས24ཉིན་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གཏེར་ལེན་ཁ་གྲོང་ཁྱེར་ཤུག་སྡོང་རི་ཁུལ་དུ་ལོ916ལ་སོན་པའི་ཤུག་སྡོང་ཆེན་པོ་ཞིག་རྙེད་ཡོད་པ་རེད།
ཉིན་དེར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ལ་ཁ་པར་གྱི་ལམ་ནས་གོང་གསལ་གྱི་ཆ་འཕྲིན་བཅར་འདྲི་བྱེད་དུས། ཅུས་དེས་དེ་སྔ་ཤུག་སྡོང་རི་ཁུལ་དུ་སྐྱེས་པའི་མདོ་ལའི་རྒྱ་ཤུག་དང་གནའ་བོའི་ཤུག་སྡོང་ཚོགས་ལ་ཆེད་དོན་ཚན་རིག་བརྟག་དཔྱད་བྱས་པའི་གནས་ཚུལ་ཡོངས་བསྒྲགས་བྱས་ཡོད་པ་རེད།

མདོ་ལའི་རྒྱ་ཤུག་ནི་ཀྲུང་གོར་མ་གཏོགས་མེད་པའི་དམིགས་བསལ་གྱི་ཤིང་སྣའི་གྲས་ཤིག་ཡིན་ཏེ མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་རི་ཁུལ་དུ་ཁྱབ་ཡོད་ཅིང་། མཚོ་སྔོན་གྱི་ཤར་རྒྱུད(ལྟེ་གནས་ས་ཁོངས)དང་། ཀན་སུའུ་ཡི་ལྷོ་རྒྱུད(འབྲུག་དཀར་གཙང་པོ་དང་མིན་ཅང་གཙང་པོའི་སྟོད་རྒྱུད)རྨ་ནུབ་དོག་ལམ་བཅས་སུ་ཁྱབ་ཡོད། དེ་ནི་ས་གནས་དེ་གའི་ས་མཐོ་གྲང་ངར་ཆེ་སར་སྐྱེས་པའི་ལོ་མ་ཕྲ་མོའི་ནགས་ཚལ་གྱི་རིགས་སྣ་གལ་ཆེན་ཞིག་ཡིན། ཐེངས་འདིའི་བརྟག་དཔྱད་དེས་ལོ་ངོ་སྟོང་གི་གནའ་བོའི་ཤུག་སྡོང་གླིང་དང་ཕྱུགས་སྐྱིལ་ཡུལ་ཚོ་ཨ་ཙི་ཀོའུ་གཙོ་གནད་ས་ཁོངས་ཆེན་པོ་གཉིས་ལ་དམིགས་ཏེ། ལག་རྩལ་མི་སྣས་ཕྱིའི་ཡུལ་བབ་ལ་རྩད་ཞིབ་དང་ནང་མ་དཔེ་ལ་དབྱེ་ཞིབ་བྱེད་པ་གཉིས་ཟུང་དུ་སྦྲེལ་ནས་གནའ་བོའི་ཤུག་སྡོང་སྐྱེས་སའི་ས་ཁོངས་ཀྱི་ཤིང་སྡོང་རེ་རེ་བཞིན་བརྟག་དཔྱད་ཞིབ་ཕྲ་བྱས་པ་དང་། དེ་ལས་གནའ་བོའི་ཤུག་སྡོང710ཟིན་ཐོར་བཀོད་པ་མ་ཟད། ཤུག་སྡོང་རེ་རེའི་མཐོ་ཚད་དང་ཞེང་ཚད། སྡོང་མགོའི་ཆེ་ཆུང་། ས་ཁམས་གནས་ཚད་སོགས་འགག་རྩའི་ཆ་འཕྲིན་ལ་ཕྱོགས་ཡོངས་ནས་ཚད་འཇལ་གཏན་འཁེལ་ཐོག་ཐོ་འགོད་བྱས་པ་དང་ཆབས་ཅིག ཤུག་སྡོང་གི་གནས་ཡུལ་ཁྱབ་ཚུལ་རི་མོར་བྲིས་ཏེ“སྡོང་རྐང་གཅིག་ལ་བྱང་བུ་གཅིག”བཀོལ་ནས་དོ་དམ་བྱེད་སྟངས་་གནད་ལ་འཁེལ་བ་ཐོག་མའི་ཆར་མངོན་འགྱུར་བྱུང་ཡོད།
གཏེར་ལེན་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འགོ་འཛིན་སུན་ཏེང་ཧྥུས། འཚོལ་བསྡུ་བྱས་པའི་ཤིང་སྙིང་དང་དེ་བཞིན་ཤིང་གི་མ་དཔེ87ལ་ཚན་རིག་དང་མཐུན་པས་གསལ་འབྱེད་དབྱེ་ཞིབ་བྱས་པ་བརྒྱུད། བརྟག་དཔྱད་ཚོགས་པས་གནའ་བོའི་ཤུག་སྡོང་ཚོགས་ཀྱི་ལོ་དུས་གྲུབ་ཆ་སྐོར་ཁོང་དུ་ཆུད་ཡོད་ཅེས་བརྗོད་པ་རེད། གྲངས་གཞི་ལས། ལོ500དང་དེའི་ཡན་གྱི(རིམ་པ་དང་པོའི་སྲུང་སྐྱོང་)ཤུག་སྡོང་གིས་བསྡོམས་འབོར་གྱི2.3%ཟིན། ལོ300ནས499བར(རིམ་པ་གཉིས་པའི་སྲུང་སྐྱོང་)གྱིས13.8%ཟིན། པ། ལོ100ནས299བར(རིམ་པ་གསུམ་པའི་སྲུང་སྐྱོང་)གྱིས་བཟུང་བའི་བསྡུར་ཚད་མཐོ་ཤོས་ཡིན་པ་སྟེ83.9%ཟིན། དེའི་ནང་གནའ་བོའི་ཤུག་སྡོང་གླིང་ཁོངས་ཀྱི་ཤུག་སྡོང་ལོ་ན་རྒས་ཤོས་ནི་ལོ769ལ་བསླེབས་པ་དང་། ཨ་ཙི་ཀོའུ་ས་ཁོངས་སུ་རྙེད་པའི་ཤུག་སྡོང་ལོ་ན་རྒས་ཤོས་ལོ916ལ་ཟིན་ཡོད་པ་རེད།