མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་འཛུགས་སྐྲུན་སྐུལ་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དང་པོ་དང་མཐོ་ས་འཛུགས་སྐྲུན་སྐུལ་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་འཛུགས་སྐྲུན་སྐུལ་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དང་པོ་དང་མཐོ་ས་འཛུགས་སྐྲུན་སྐུལ་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ཀྱི་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ལ་ཉན་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”བྱ་བར་ཞིབ་འཇུག་བྱས་ནས། མཐོ་ས་འཛུགས་སྐྲུན་དེ་སྐས་རིམ་གསར་པར་སླེབས་པ་དང་། གསར་སྐྲུན་གྱི་རྣམ་པ་གཏོད་རྒྱུར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་ལྟ་སྐུལ་དོ་དམ་སྤྱིའི་ལྟ་སྐུལ་པ་ཧོང་ཞུའེ་ནུང་གཉིས་ཀྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས།

གྲོས་ཚོགས་ལས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་བརྗིད་ཉམས་ལྡན་པའི་འཆར་གཞི་ཡིན་པས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་ནུས་ཁུངས་ཅུའུ་དང་མཚོ་སྔོན་གཉིས་ཀྱིས་པུའུ་དང་ཞིང་ཆེན་གྱིས་མཉམ་འཛུགས་རྐྱེན་སྲོལ་བཙུགས་ནས། མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕན་འབྲས་མངོན་གསལ་བླངས་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ་ཐོལ་བརྒལ་རྣམ་པའི་འཕེལ་རྒྱས་བྱུང་ལ་གཞི་ཁྱོན་དང་སྤྱི་འབོར་སྐས་རིམ་གསར་པར་སླེབས་ཡོད།    ཐོན་ལས་སྔ་ཕྱི་གཉི་གར་ཁྱུ་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་མངོན་ནས།    རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཐད་མཚོ་སྔོན་གྱི་བྱས་རྗེས་བཞག་ཡོད་ཅེས་བསྟན།

གྲོས་ཚོགས་ལས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་དུས་རིམ་གལ་ཆེན་ཞིག་ཡིན་པས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པ། བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ།    མཐུན་སྦྱོར་དང་གཅིག་གྱུར་འཆར་འགོད་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། གཞི་རྩའི་སྟེང་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་རྒྱུ་དང་། རྣམ་པ་གསར་པའི་ནུས་ཁུངས་མ་ལག་བསྐྲུན་རྒྱུའི་དམིགས་འབེན་ཧུར་ཐག་གིས་མངོན་འགྱུར་བྱ་དགོས། ནུས་ཤུགས་ཡོད་རྒུས་རྟེན་གཞི་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། གཉིས་ཀྱི་ཁརNསྣོན་པའི་བྱ་བའི་བསམ་ཕྱོགས་གཞིར་བཟུང་ནས། འཛམ་གླིང་གི་ཆེས་ཆེ་བའི་འོད་ཚའི་ཐོན་ལས་ཁྱུ་ཚོགས་བསྐྲུན་དགོས། ནུས་ཤུགས་ཡོད་རྒུས་གློག་དྲ་སྟོབས་ལྡན་ཞིག་བསྐྲུན་ཏེ། ཞིང་ཆེན་ནང་ཁུལ་གྱི་ཤར་ནུབ་ཕྱོགས་ཀྱི་གློག་དྲ་འཛུགས་སྐྲུན་དང་ཞིང་ཆེན་རིམ་པའི་གློག་དྲ་ཕན་ཚུན་སྦྲེལ་བ། ཕྱིར་སྐྱེལ་བརྒྱུད་ལམ་བསྐྲུན་པ་བཅས་ལ་སྐུལ་འདེད་བཏང་ནས། རྒྱལ་ཡོངས་སུ་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་མངོན་འགྱུར་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་སྔར་ལས་མང་པོ་འཇོག་དགོས།  ནུས་ཤུགས་ཡོད་རྒུས་དག་གཙང་ནུས་ཁུངས་ཀྱི་ཐོན་ལས་རྒྱ་ཆེར་གཏོང་བ་དང་། ལྗང་མདོག་གློག་ཤུགས་ཀྱི་ཁྱད་སྟོབས་རྒྱ་ཆེར་གཏོང་བ།    ཧུར་ཐག་གིས་རླུང་ཤུགས་སྒྲིག་ཆས་བཟོ་སྐྲུན་གྱི་ཁེ་ལས་གཙོ་བོ་ནང་འདྲེན་གསོ་སྐྱོང་བྱས་ནས། ནུས་ཤུགས་ཡོད་རྒུས་མ་འོངས་པའི་ཐོན་ལས་འཕེལ་རྒྱས་གཏོང་དགོས། ནུས་ཤུགས་ཡོད་རྒུས་སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། རིག་ནུས་གློག་དྲ་དང་གློག་དྲ་ཆུང་བ་བསྐྲུན་ཚད་ཇེ་མགྱོགས་སུ་གཏོང་བ། རིན་གོང་གི་རྐྱེན་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་བ།  མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་བར་དུ་དག་གཙང་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་དགོས།   ནུས་ཤུགས་ཡོད་རྒུས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ནུས་ཁུངས་གཙང་མའི་འཆར་གཞི་སྒྲིག་བཟོ་ལེགས་པོ་བྱེད་པ་དང་། སྦྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ནས། མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆགས་སུ་འཇུག་དགོས།     ནུས་ཤུགས་ཡོད་རྒུས་རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་པ་དང་།    ཕྱོགས་སོ་སོའི་འགན་འཁྲི་གཟབ་ནན་དུ་གཏོང་བ། ཤེས་ལྡན་མི་སྣར་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་འདོན་སྤྲོད་དང་ཞིབ་མཆན་སོགས་ཀྱི་གོ་རིམ་ཇེ་ལེགས་སུ་བཏང་ནས། བྱ་བ་སྣ་ཚོགས་གཟབ་ནན་དང་གོ་རིམ་ལྡན་པའི་སྒོ་ནས་སྒྲུབ་རྒྱུར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་ངོས་འཛིན་མཐོ་རུ་གཏོང་བ་དང་འགན་འཁྲི་ཇེ་དྲག་ཏུ་བཏང་ནས། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྐྲུན་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་།  འཐབ་ཇུས་ཀྱི་དོན་སྙིང་། ལག་ལེན་རིན་ཐང་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་དགོས་མཁོར་དམིགས་པ་དང་། མཚོ་སྔོན་གྱི་དོན་དངོས་ལ་རྐང་འཛུགས་པ། གཙོ་གནད་འགན་འཁྲི་ལ་དམིགས་ནས་བྱ་བའི་མཉམ་ཤུགས་གཅིག་ཏུ་བསྡུ་བ། འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས།  འཆར་འགོད་དང་སྲིད་ཇུས། རྟེན་གཞི། ལས་གཞི། ཁེ་ལས་བཅས་གཞི་གཅིག་ཅན་ལ་མྱུར་དུ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཀྱི་ཐོན་ལས་མཐོ་ས་སྐྲུན་པའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་ལས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་། ཆེད་མཁས་བློ་འདོན་ཨུ་ཡོན་ལྷན་ཁང་བཙུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་གིས《མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་མཁས་བློ་འདོན་ཨུ་ཡོན་ལྷན་ཁང་འཛུགས་པའི་བརྡ་ཐོ》སྒྲོག་འདོན་བྱས་པ་དང་། ཆེད་མཁས་བློ་འདོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན། ཀྲུང་གོ་ནུས་ཁུངས་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་ཧྲི་ཡུས་པའོ་ཡིས་གཏམ་བཤད།   ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནུས་ཁུངས་ཅུའུ་ཡིས་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱས།

ཀྲུའུ་ཞང་ཧྥུན་གྲོས་ཚོགས་སུ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།