གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་བཙུགས་ནས་ལོ་ངོ100འཁོར་བའི་དུས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས27ཉིན་གྱི་སྔ་དྲོར་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་དུ་ཕེབས་ནས“ལོ་བརྒྱའི་ལྟ་སྲུང་སྟེ་གོང་མའི་ཕོ་བྲང་ནས་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་བར”ཞེས་པའི་འགྲེམས་སྟོན་ལ་གཟིགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་འགྲེམས་སྟོན་ལ་གཟིགས།
ཆུ་ཚོད་བཅུའི་སྟེང་། ཞི་ཅིན་ཕིང་སོགས་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་དུ་ཕེབས་ནས་སྔ་རྗེས་སུ་ཝུའུ་མོན་ནུབ་ཀྱི་ཡན་ཁྲི་ཐོག་ཁང་དུ་སྤེལ་བའི་འགྲེམས་སྟིན་ཁང་དང་། ཐོག་ཁང་མདུན་མའི་འགྲེམས་ཁང་། ཤར་གྱི་ཡན་ཁྲི་ཐོག་ཁང་གི་འགྲེམས་སྟོན་ཁང་བཅས་སུ་ཕེབས་ནས་འགྲེམས་སྟོན་ལ་གཟིགས་སྐོར་གནང་། འགྲེམས་སྟོན་དེ“རིག་གནས་རྒྱུད་ཁུངས་གཅིག”ཞེས་པ་དང་། “ལོ་བརྒྱའི་རྒྱུན་འཛིན”“ཕུན་ཚོགས་སྣ་མང”བཅས་ཁག་གསུམ་ལ་དབྱེ་ཡོད་དེ། རྩ་ཆེའི་རིག་དངོས་དང་ཚད་ལྡན་ཡིག་ཆ200བརྒྱུད་ནས་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་གི་ལོ་བརྒྱའི་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་ཡོད།
ཡིག་གཟུགས་དང་རི་མོའི་བརྩམས་ཆོས་གྲགས་ཅན། ལི་ཆས་དང་། གཡང་ཊིའི་ཡོ་བྱད། དཀར་ཡོལ་སོགས་རེ་རེ་ལས་ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་རབ་ཏུ་འཕྲོ་བའི་ལོ་རྒྱུས་དང་རྒྱུན་མཐུད་ཀྱི་རིག་གནས་ཀྱི་འབྱུང་རྩ་བདེན་དཔང་བྱས་ཡོད། ཞི་ཅིན་ཕིང་གིས་འགྲེལ་བཤད་ལ་ཞིབ་ཏུ་གསན་ཞིང་འབྲེལ་ཡོད་གནས་ཚུལ་ལ་ཞིབ་འདྲི་ཡང་ཡང་གནང་། ཁོང་གིས་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་གིས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཞི་རྒྱུ་མཚོན་པ་དང་ཀྲུང་ཧྭའི་དཔལ་ཡོན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པས། གནའ་བོའི་ཕོ་བྲང་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་་གནའ་བོའི་ཕོ་བྲང་གི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་དང་གནའ་བོའི་ཕོ་བྲང་གི་ལས་བཟོ་བའི་གཟི་བརྗིད་ལྡན་པའི་ལས་འགན་ཞིག་ཡིན། འགོ་རྩོམ་ས་གསར་པའི་སྟེང་། གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་གིས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས་ལ། རིག་དངོས་མི་དམངས་ལ་དབང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཏེ། རིག་དངོས་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་ཤུགས་སྣོན་དགོས་ལ། རིག་དངོས་གསོན་འགྱུར་བེད་སྤྱོད་ཀྱི་ཆུ་ཚད་ཇེ་མཐོར་བཏང་ནས་གནའ་བོའི་ཕོ་བྲང་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་པ་དང་། འཛམ་གླིང་གིས་ཀྲུང་ཧྭའི་དཔལ་ཡོན་ལ་རྒྱུས་ལོན་དང་ཀྲུང་ཧྭ་མི་རིགས་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་པ་བསྟན།
ལི་ཧྲུའུ་ལའེ་དང་དེ་མིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་དག་གི་འགན་འཁུར་བློ་མཐུན་སོགས་ཀྱིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་།