མཚོ་སྔོན་གསར་འགྱུར་དྲ་བ·ཆུ་འགོའི་གསར་འགྱུར་འཕྲིན་ལམ་གྱིས་སྤེལ་བའི་གནས་ཚུལ། ཟླ10ཚེས27ཉིན་གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་ཧུང་ཧྭ་གློག་འདོན་ཀུང་སི་ནས་ཤེས་གསལ་ལྟར་ན། ཁམས་རའི་འགུལ་སྐྱོད་སྤྲོ་གསེང་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་གཞི་བྱས“ངོ་མཚར་བའི་ཏན་ཞའི་མཛེས་ལྗོངས། མུ་ཏིག་བཞིན་མཚར་བའི་རྨ་ཆུ”ཞེས་པའི་ཡུལ་སྐོར་གསར་སྤེལ་གྱི་འདུ་ཤེས་སྙིང་བོར་བཟུང་སྟེ། རྒྱལ་ཁབ་གློག་དྲ་ཧུང་ཧྭ་གློག་འདོན་ཀུང་སིས“ཐཱན་སྙོམས་སྒྲིག”གི་ལྗོངས་ཁུལ་འཛུགས་སྐྲུན་དམིགས་འབེན་དུ་བཟུང་ནས་གནོད་མེད་སྐྱེ་ཁམས་ཡུལ་སྐོར་ལ་གསོན་ཤུགས་གསར་པ་བསྣན་ཆེད། ལྗོངས་ཁུལ་དེ་རྣམ་པ་ཆེན་པོ་གསུམ་སྟེ“ནུས་ཁུངས་འདོན་སྤྲོད་ཐཱན་ཉུང་དུ་སྒྱུར་བ། གློག་ཁུངས་དང་ཐེག་ཚད་མཉམ་འགུལ་རིག་ནུས་སུ་སྒྱུར་བ། ནུས་ཁུངས་ཐེག་ཚད་གཞི་གྲངས་ཅན་དུ་སྒྱུར་བ”དང་། “གློག་ཁུངས་དང་གློག་དྲ། ཐེག་ཚད། ནུས་གསོག”བཅས་གཞོགས་བཞིར་འགྱུར་བ་བཏང་སྟེ། རིག་གནས་ཡུལ་སྐོར་ཐོན་ལས་གནོད་མེད་ཐཱན་ཉུང་དུ་འགྱུར་བར་སྐུལ་འདེད་བཏང་ནས་ཐཱན་ཉུང་གི་འཚོ་བ། གནོད་མེད་ཕྱིར་སྐྱོད། རིག་ནུས་ཡུལ་སྐོར་བཅས་བརྗོད་གཞི་བྱས་པའི་རྨ་ཆུ་རྒྱུད་ཀྱི་སྐྱེ་ཁམས་ཡུལ་སྐོར་ཁྱད་ལྡན་གྲོང་རྡལ་ཡོངས་གློག་ནུས་ཅན་དུ་བསྒྱུར།
ནུས་ཁུངས་འདོན་སྤྲོད་ཀྱི་ཕྱོགས་ནས། སྔོ་རྒྱ་འགག་ཆུ་གློག་ས་ཚིགས5#ཡི་འཕྲུལ་འཁོར་རྒྱ་བསྐྱེད་པའི་སྟོང་ཝ་ཁྲི200ཅན་གྱི་ཆུ་གློག་རྟེན་གཞི་ལེགས་འགྲུབ་ལ་སྐུལ་འདེད་བཏང་བ་མ་ཟད། ཁམས་རའི་ཁྱད་ལྡན་གྲོང་རྡལ་གྱི་ཁང་ཀླད་ཀྱི་འོད་ཧྥུ་བེད་སྤྱད་དེ“ཞིང་ལས་དང་འོད་ཧྥུ་གསབ་རེས”ཀྱི་ཁྱད་ཆོས་བཏོད། གློག་དྲ་འཛུགས་སྐྲུན་ཕྱོགས་ནས་སྟོང་ཧྥུ10ཅན་གྱི་གློག་དྲའི་སྒྲོམ་གཞི་ལེགས་བཅོས་དང་། གློག་སྐུད་ས་ཁམས་དང་མཐུན་པའི་བསྒྱུར་བཅོས་ཀྱི་ལག་རྩལ་གསར་གཏོད་ཐོག་བེད་སྤྱད་དེ་གློག་འདོན་གྱི་རྒྱབ་རྟེན་རང་བཞིན་དང་གློག་དྲ་གྲལ་དག་ཚད་མཐོར་འདེགས་བཏང་། ནུས་ཁུངས་བེད་སྤྱོད་ཀྱི་གོ་རིམ་ཁྲོད་ནས“གློག་ཐབ+ནུས་གསོག”གི་ནུས་གཙང་དྲོད་འདོན་ལེགས་སྒྱུར་ལ་སྐུལ་འདེད་བཏང་སྟེ། གློག་གསོག་སྡོང(充电桩)དང་གློག་ནུས་ཅན་གྱི་ཐབ་ཚང་ལ་སོགས་གློག་ཆས་སྒྲིག་བཀོད་ཁྱབ་གདལ་བཏང་བ་མ་ཟད། རིག་ནུས་ལམ་གློག་དང་གློག་གི་ཚ་ཐབ་སོགས་ཀྱང་ཐཱན་ཉུང་བའི་སྒོ་ནས་བཀོལ་ཐུབ་པ་བྱས།
ད་སྔ་ཁམས་རའི་ལྗོངས་ཁུལ་དུ་ཐུན་མོང་དྲོད་འདོན་ལ་ལེགས་བཅོས་བྱས་ཡོད་དེ། དྲོད་འདོན་ལེགས་བཅོས་ཀྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི3ལ་ཟིན་པ་དང་། ཐེག་ཚད་སྟོང་ཧྥུ་ཨན(千伏安)3150བསྣན་ཡོད། “ཐབ་ཚང་ཡོངས་གློག་ནུས་ཅན”དུ་བསྒྱུར་བར་ཁྱབ་གདལ་ཤུགས་ཆེན་བྱས་ཏེ། སྟོང་ཧྥུ་ཨན40ཁ་སྣོན་བྱས། ལྗོངས་ཁུལ་དུ་སྟོང་ཝ40ཅན་གྱི་ཡུལ་སྐོར་བའི་ཆེད་སྤྱོད་གློག་གསོག་སྡོང12བཙུགས་ཏེ། གློག་ཐེག་ཚད་སྟོང་ཧྥུ་ཨན630ཁ་སྣོན་བརྒྱབ་ནས་གློག་ཤུགས་འདང་ངེ་མཁོ་འདོན་བྱས།
འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་ལྟར་ན། རྒྱལ་ཁབ་གློག་དྲ་ཧུང་ཧྭ་གློག་འདོན་ཀུང་སིས་མུ་མཐུད་དུ་ལྗོངས་ཁུལ་གྱི་རིག་ནུས་གནོད་མེད་ཀྱི་འཆར་འགོད་བརྒྱུད་དེ་ལྗོངས་ཁུལ་གྱི་ཡོད་ཚད་ཆུ་གློག་དང་འོད་ཧྥུ་ཁྱབ་ཚུལ། མངོན་ལྐོག་ནུས་གསོག་བཅས་ཀྱི་ཕྱོགས་བསྡུས་ནུས་ཁུངས་ཀྱི་མ་ལག་རྨང་གཞི་བྱས་ཏེ། “གནོད་མེད་འགྲིམ་འགྲུལ། གནོད་མེད་བཟའ་བཏུང་། གནོད་མེད་ཁྱིམ་སྡོད། གནོད་མེད་དྲོད་འདོན”བཅས་གཅིག་ཏུ་གྲིལ་བའི་གནོད་མེད་གློག་ལ་བརྟེན་པའི“འཚོ་བར་མྱོང་རོལ་དང་། སྐྱེ་ཁམས་ཚན་རིག་ཁྱབ་གདལ”གྱི་རིག་ནུས་ལྗོངས་ཁུལ་ཞིག་བསྐྲུན་འཆར་ཡོད་ཟེར། །