མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས25ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་སློབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཨུ་ལྷན་གྱི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བ་གཙོ་བོའི་ལས་བགོས་ལས་འགན་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོའི་ལྟ་སྐུལ་དངོས་འབེབས་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པར་མ་ཟད། སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྲུན་དང་། སྲིད་གཞུང་དང་ཞིབ་དཔྱོད་ཁང་མཉམ་འབྲེལ་སོགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཚོགས་འདུའི་སྟེང་ཟླ10པའི་ཚེས17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཟོག་འགྲེམས་ཀྱི་མ་རྩ་ཇེ་དམའ་རུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཟོག་འགྲེམས་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། རྣམ་པ་མང་བའི་མཉམ་འབྲེལ་སྐྱེལ་འདྲེན་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བྱས་ནས་དངོས་ཚན་དཔལ་འབྱོར་གྱི་ཁུར་པོ་ཇེ་ཡང་དུ་བཏང་སྟེ་ཕན་འབྲས་ཐོན་པར་ཏན་ཏིག་བྱ་དགོས། ལྗང་མདོག་ཉོ་ཚོང་རྒྱ་སྐྱེད་ལ་ཧུར་ཐག་བྱས་ཏེ། ནུས་ཁུངས་གསར་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་སྟོབས་ཆེར་བཏང་ནས་ཕྱི་ཕྱོགས་ཚོང་དོན་འགྲན་རྩོད་ཀྱི་དགེ་མཚན་གསར་པ་བསྐྱེད་དགོས། ནུས་ཤུགས་ཡོད་རྒུས་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་བྱས་ཏེ་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ཀྱིས་ཕྲག་ཏུ་འཁུར་བ་དང་། ཞིང་ས་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་བརླིང་དང་བདེ་འཇགས་ངང་མཁོ་སྤྲོད་བྱེད་པར་འགན་སྲུང་བྱ་དགོས་པ་ནན་གྱིས་བསྟན།
ཚོགས་འདུའི་སྟེང《མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་ཡིད་རྟོན་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་འགའ》ལ་གྲོས་ཞིབ་དང་རྩ་དོན་ཐོག་གྲོས་འཆམ་བྱུང་། གནད་འགག་གི་གོ་རིམ་ལ་དམིགས་ཏེ་ཆ་འཕྲིན་བསྡུ་རུབ་དང་མཉམ་སྤྱོད་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས་གཞི་གྲངས་ཀྱི་སྤུས་ཚད་དང་ཕྱོགས་ཡོངས་རང་བཞིན་ཇེ་མཐོར་གཏོང་དགོས། ཡིད་རྟོན་བཀོལ་སྤྱོད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ།“མཚོ་སྔོན་གྱི་ཡིད་རྟོན་དངུལ་བསྡུ་ཞབས་ཞུའི”སྟེགས་བུའི་བྱེད་ནུས་རྒྱ་སྐྱེད་ནས་ཡིད་རྟོན་གྱིས་དམངས་ལ་ཕན་བདེ་བསྐྲུན་པའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། བཅའ་ཁྲིམས་ལྟར་མ་ལག་ཚད་ལྡན་བཟོ་བར་གཟབ་ནན་བྱས་ཏེ། ཡིད་རྟོན་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཡིད་རྟོན་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བཅས་བྱ་དགོས་པ་བསྟན།
ཚོགས་འདུའི་སྟེང《“སྲིད་གཞུང་དང་ཞིབ་དཔྱོད་ཁང་མཉམ་འབྲེལ”བྱ་བའི་ལམ་སྲོལ་འཛུགས་པའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་པ་དང་། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།“སྲིད་གཞུང་དང་ཞིབ་དཔྱོད་ཁང་མཉམ་འབྲེལ”དེ་ཁྲིམས་ལྟར་སྲིད་འཛིན་དང་དྲང་གཞག་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་བའི་གནད་འགག་གལ་ཆེན་ཏུ་བརྩིས་ཏེ། འགན་འཁྲིའི་ལས་འགན་སྔར་ལས་གཏན་འབེབས་གསལ་པོ་བྱེད་པ་དང་། ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་པ། ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་བྱང་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་སྟོབས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱ་དགོས་པ་བསྟན།
ཚོགས་འདུས《མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་གྱི་ཁྱད་པར་ཅན་གྱི་གྲོན་བསྡུའི་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་གཞུང་ལམ་དྲ་རྒྱའི་འགྲིམ་འགྲུལ་འཁོར་སྐྱོད་སྔར་བས་དོ་མཉམ་ཡོང་བ་དང་། མྱུར་བགྲོད་གཞུང་ལམ་དྲ་རྒྱའི་འཁོར་སྐྱོད་ལས་ཆོད་ཇེ་ལེགས་སུ་གཏོང་བ། ཟོག་འགྲེམས་འཁོར་རྒྱུག་དང་མི་སྣ་ཕྱིར་བགྲོད་ཀྱི་མ་རྩ་མུ་མཐུད་དུ་ཇེ་དམར་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་སྒོ་ནས་ཞབས་འདེགས་བཟང་བོ་ཞུ་དགོས་པ་བསྟན།
ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།