ཟླ10པའི་ཚེས25ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བ་གཙོ་བོའི་ལས་བགོས་ལས་འགན་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོའི་ལྟ་སྐུལ་དངོས་འབེབས་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པར་མ་ཟད། སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྲུན་དང་། སྲིད་གཞུང་དང་ཞིབ་དཔྱོད་ཁང་མཉམ་འབྲེལ་སོགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་སྟེང་ཟླ10པའི་ཚེས17ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། དངོས་ཟོག་འཁོར་རྒྱུག་གི་མ་རྩ་ནུས་ཡོད་སྒོས་ཇེ་དམར་གཏོང་བ་དང་ཞིང་ཆེན་ཡོངས་ཀྱི་དངོས་ཟོག་འཁོར་རྒྱུག་གི་རྨང་གཞིའི་སྒྲིག་ཆས་དྲ་རྒྱ་འཐུས་ཚང་དུ་གཏོང་བ། རྣམ་པ་མང་པའི་མཉམ་འབྲེལ་སྐྱེལ་འདྲེན་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་བཅས་བྱས་ནས་དངོས་ཕུང་དཔལ་འབྱོར་གྱི་ཁུར་བོ་ཇེ་ཡང་དུ་བཏང་སྟེ་ཕན་ནུས་འཕར་སྣོན་ཡོང་བར་བྱེད་དགོས། ལྗང་མདོག་ཉོ་ཚོང་ཧུར་ཐག་གིས་རྒྱ་བསྐྱེད་པ་དང་། ནུས་ཁུངས་གསར་པ་དང་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་ནས་ཕྱི་ཕྱོགས་ཉོ་ཚོང་འགྲན་རྩོད་ཀྱི་དགེ་མཚན་གསར་པ་བསྐྱེད་དགོས། སྟོབས་ཤུགས་ཡོད་རྒུས་ཞིང་ལས་ཐོན་སྐྱེད་དམ་འཛིན་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་བཟང་པོར་ཁུར་བ། ཞིང་ས་དང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ཏེ་ཞིང་ལས་ཐོན་རྫས་གཙོ་བོའི་བརྟན་འཇགས་བདེ་འཇགས་མཁོ་སྤྲོད་ལ་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་ཡིད་རྟོན་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་འགའ་ཞེས་པར་གྲོས་ཞིབ་བྱས་ནས་རྩ་དོན་སྟེང་གྲོས་འཆམ་བྱུང་བ་དང་། གནད་འགག་དུས་རིམ་དུ་རྒྱུན་ཆད་མེད་པར་ཤུགས་འདོན་རྒྱུར་དམིགས་ནས་ཆ་འཕྲིན་བསྡུ་རུབ་དང་མཉམ་སྤྱོད་རྨང་གཞི་སྲ་བརྟན་དུ་བཏང་ནས་གཞི་གྲངས་ཀྱི་སྤུས་ཚད་དང་ཕྱོགས་ཡོངས་རང་བཞིན་མཐོར་འདེགས་གཏོང་དགོས། ཡིད་རྟོན་བེད་སྤྱོད་དང་ཁྲིད་སྟོན་ཇེ་དྲག་ཏུ་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་དངུལ་བསྡུ་ཡིད་རྟོན་ཞབས་ཞུའི་སྟེགས་བུའི་བྱེད་ནུས་རྒྱ་བསྐྱེད་དེ་ཡིད་རྟོན་གྱིས་དམངས་ལ་སྟབས་བདེ་དང་ཁེ་ལས་ལ་ཕན་འདོགས་པའི་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཡིད་རྟོན་ལྟ་སྐུལ་དོ་དམ་རྐྱེན་སྲོལ་ཁྲིམས་ལྟར་ཚན་ལྡན་སྒོས་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་ནས་ཡིད་རྟོན་གཙོ་གཞིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་སྲིད་གཞུང་དང་ཞིབ་དཔྱོད་ཁང་མཉམ་འབྲེལ་བྱ་བའི་རྐྱེན་སྲོལ་འཛུགས་པའི་ལག་བསྟར་བསམ་འཆར་ལ་གྲོས་ཞིབ་བྱས་ནས་རྩ་དོན་སྟེང་གྲོས་འཆམ་བྱུང་བ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ་སྲིད་གཞུང་དང་ཞིབ་དཔྱོད་ཁང་མཉམ་འབྲེལ་དེ་ཁྲིམས་ལྟར་སྲིད་འཛིན་དང་དྲག་གཞག་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱེད་ས་གལ་ཆེན་ཏུ་བརྩིས་ཏེ་འགན་འཁྲིའི་ལས་འགན་སྔར་ལས་གཏན་འབེབས་གསལ་བོ་བྱེད་པ་དང་། ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་པ། ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་བྱང་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱ་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་གྱི་ཁྱད་པར་ཅན་གྱི་དངུལ་བསྡུའི་ཇུས་གཞིར་གྲོས་ཞིབ་བྱས་ནས་རྩ་དོན་སྟེང་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་གཞུང་ལམ་དྲ་རྒྱའི་འགྲིམ་འགྲུལ་འཁོར་སྐྱོད་སྔར་ལས་དོ་སྙོམས་ཡོང་བར་བྱེད་པ་དང་། མྱུར་བགྲོད་གཞུང་ལམ་དྲ་རྒྱའི་འཁོར་སྐྱོད་ཕན་ནུས་ལེགས་སྒྱུར་བྱེད་པ། དངོས་ཟོག་འཁོར་རྒྱུག་དང་མི་སྣ་ཕྱིར་བགྲོད་ཀྱི་མ་རྩ་རྒྱུན་མཐུད་ངང་ཇེ་དམར་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ཞབས་འདེགས་བཟང་བོ་ཞུ་དགོས་ཞེས་བསྟན།
གྲོས་ཚོགས་ལས་ད་རུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།