རྒྱུན་མཐུད་འབད་འཐབ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་ཧུར་ཐག་གིས་གཏོད་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞི》ལ་གྲོས་འཆམ་བྱུང་སྟེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་མཛུབ་སྟོན་བསམ་བློ་དང་། རྩ་དོན་གལ་ཆེན། དམིགས་འབེན་གཙོ་བོ་བཅས་ཁ་གསལ་བཟོས་པར་མ་ཟད། འཐབ་ཇུས་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་བྱས། བསྟུད་མར་ཉིན་འགའི་རིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས། ཚང་མས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བསམ་སྦྱོར་གཉིས་ཀ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་གཅིག་གྱུར་ཡོང་བར་བྱས་ནས། ལས་ཡུལ་དང་པོར་བསྐྱོད་དེ། སྔར་བས་ཏན་ཏིག་གི་བྱ་བ་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས།

ཚང་འཛོམས་གྲོས་ཚོགས་ལས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ་རང་རྒྱལ་གྱིས་འཕེལ་རྒྱས་ཐད་གྲུབ་འབྲས་གལ་ཆེན་བླངས་པར་ཚད་མཐོའི་གདེང་འཇོག་བྱས་པ་དང་། མ་འོངས་པའི་ལོ་ལྔའི་རིང་གི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་རི་མོ་བཀོད་ཅིང་། དེས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཀོད་པའི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མུ་མཐུད་ནས་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན།

ཀྲུང་དབྱང་རྩ་འཛུགས་པུའུ་འཇོན་མི་ལས་དོན་ཅུའུ་ཡི་ཅུའུ་ཀྲང་ཐང་ཡུང་ཀང་གིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། རང་རྒྱལ་གྱི་འཕེལ་རྒྱས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་ཆེན་ཐོབ་པ་དང་། གྲུབ་འབྲས་གལ་ཆེན་འདི་དག་ཐོབ་པའི་འགག་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་ལམ་སྟོན་གྱི་ཁ་ཕྱོགས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ཡོད་པས་ཡིན་ལ། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཡིས་མ་འོངས་པའི་ལོ་ལྔའི་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་མ་ལག་རང་བཞིན་གྱི་བཀོད་སྒྲིག་གནང་ཡོད་པས། ང་ཚོས་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས། ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱ་རྒྱུ་ཡིན། 

ཀྲུང་དབྱང་དྲིལ་སྒྲོག་པུའུ་དྲིལ་སྒྲོག་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ཞུས་ལི་སུན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་རང་རྒྱལ་འཕེལ་རྒྱས་གནས་བབ་ཀྱི་ལོ་རྒྱུས་ཁ་ཕྱོགས་དང་གོ་གནས་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པར་བྱས་པ་སྟེ། མ་འོངས་པའི་ལོ་ལྔའི་རིང་རང་རྒྱལ་གྱི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འགུལ་སྐྱོད་ཀྱི་རྩ་འཛིན་གཏན་འཁེལ་བྱས་ཡོད་ཅིང་། དེས་ང་ཚོའི་ཏང་འདི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཡིན་པའི་འཐབ་ཇུས་རང་བཞིན་གྱི་མིག་རྒྱང་དང་། སྔོན་དཔག་རང་བཞིན་གྱི་བསམ་གཞིགས། མ་ལག་རང་བཞིན་གྱི་ལྟ་བ་བཅས་ལེགས་པར་མངོན་ཞིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཚོན་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བརྗོད་བྱ་གཙོ་བོ་དང་ལས་དོན་གཙོ་བོ་ལེགས་པར་མཚོན་ཡོད་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་འབད་འཐབ། འབད་འཐབ་ལྷོད་མེད་བཅས་བྱེད་པར་སྐུལ་སློང་ནུས་ལྡན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རྣམ་པ་གསར་པ་གཏོད་ཐུབ་ངེས་ཡིན། 

ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཅུའུ་གསུམ་པའི་ཅུའུ་ཀྲང་གཞོན་པ་ཧི་ཅཱ་ཡིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱིས་མ་འོངས་ལོ་ལྔའི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཇུས་འགོད་བྱས་པ་དེས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ངེས་ཡིན་ཞིང་། ང་ཚོས་བསམ་སྦྱོར་གཉིས་ཀ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ། “འདུ་ཤེས་བཞི”ཇེ་དྲག་དང་། “ཡིད་རྟོན་བཞི”ཇེ་བརྟན།  “སྲུང་སྐྱོང་གཉིས”ལེགས་པར་བསྒྲུབ་པ་བཅས་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་དང་བཀོད་སྒྲིག་ནན་ཏན་གྱིས་དོན་འཁྱོལ་བྱེད་དགོས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ཡིན།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ལས་མཛུབ་སྟོན་བསམ་བློ་ཁ་གསལ་བཟོས་པ་དང་། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་སོགས་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་“རྒྱུན་འཁྱོངས་དྲུག”གི་རྩ་དོན་གལ་ཆེན་གསལ་བོར་བཏོན་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་འདི་ནི་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན་དང་། ལྷག་པར་དུ་དུས་རབས་གསར་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཉམས་མྱོང་གི་ཚན་རིག་དང་མཐུན་པའི་ཕྱོགས་བསྡོམས་ཤིག་ཡིན་པས། ང་ཚོའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་ཆེ་རུ་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་སྲ་ཞིང་བརྟན་པའི་འགན་ལེན་མཁོ་སྤྲོད་བྱས་ཡོད་པར་འདོད།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་འཕེལ་རྒྱས་འཐབ་ཇུས་དང་འཆར་འགོད་སི་ཡི་སི་ཀྲང་གཞོན་པ། ཕིན་ཧྲི་ཁྲིན་གྱིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་གཞི་ཡིས་མ་འོངས་པའི་ལོ་ལྔའི་རིང་གི་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཇུས་འགོད་བྱས་ཡོད།  དེའི་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་སྐྲུན་པའི་ལོ་རྒྱུས་ཀྱི་རང་འགུལ་ཆེན་པོ་མངོན་པ་དང་།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི《རྩ་གནད》སྒྲིག་བཟོ་ལ་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་ནན་ཏན་སྒོས་དཔེ་བསྡུར་དང་གྲོས་གཞིའི་འཐབ་ཇུས་བཀོད་སྒྲིག་སོ་སོ་དོན་འཁྱོལ་ཞིབ་ཚགས་བྱེད་པ་དང་།  ཚན་རིག་དང་མཐུན་པའི་སྒོ་ནས་“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་”གོང་འཕེལ་དམིགས་ཚད་གཙོ་བོ་ཚོད་རྩིས་བྱས་ཏེ།   བཀོལ་སྤྱོད་ཐུབ་ཅིང་དོན་འཁྱོལ་ཐུབ་པའི་ལས་འགན་བྱེད་ཐབས་གལ་ཆེན་དང་བཟོ་སྐྲུན་ལས་གཞི་གལ་ཆེན་སྐོར་ཞིག་རིགས་སྒྲུབ་གྱིས་འདོན་པ་དང་། སྤུས་ཚད་མཐོ་བའི་འཆར་འགོད་《རྩ་གནད་》ཅིག་གཏན་འབེབས་བཟོ་གང་ཐུབ་བྱ་རྒྱུ་ཡིན། 

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཐུན་མོང་འཕེལ་རྒྱས་སི་ཡི་སི་ཀྲང་གཞོན་པ་ཧྥན་ཀྲིན་ཅུན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱིས་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་སྤོས་ཏེ། མི་རིགས་སོ་སོ་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་བསྐྱོད་པར་སྐུལ་འདེད་གཏོང་བའི་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛིན་པ་དང་།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་འདི་དམ་པོར་བཟུང་སྟེ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། 

ཚན་རྩལ་པུའུ་གཞུང་དོན་ཐིན་གྱི་ཀྲུའུ་རིན་ཞེ་མེན་གྱིས་བཤད་རྒྱུར། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང“ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་ཇེ་མགྱོགས་སུ་གཏོང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱ་རྒྱུ་”དེ་འཐབ་ཇུས་ཀྱི་ལས་འགན་དུ་བརྩིས་ནས་ཆེད་དམིགས་བཀོད་སྒྲིག་བྱས་ཡོད།  དེའི་ཐོག་ནས་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་ལ་ཚད་མཐོའི་མཐོང་ཆེན་དང་རེ་སྙེག་ཆེན་པོ་བྱས་པ་མཚོན་ཡོད།  ང་ཚོས་ངེས་པར་དུ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས། ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གཏན་འཁེལ་བྱས་ཏེ། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ལོ་རྒྱུས་གོ་སྐབས་དམ་པོར་བཟུང་ནས་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་། རང་བརྟེན་གསར་གཏོད་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། 

སློབ་གསོ་པུའུ་འཕེལ་རྒྱས་འཆར་འགོད་སི་ཡི་སི་ཀྲང་ཀའོ་ཕིན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་སྟེང་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ལྡན། འཇོན་མིའི་རྒྱལ་ཁབ་སྟོབས་ལྡན་འཛུགས་པར་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས་པ་གསལ་བོར་བཏོན། སློབ་གསོ་དང་ཚན་རྩལ་དང་འཇོན་མི་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་སྐུལ་འདེད་དང་། མི་དམངས་ཡིད་ཚིམ་པའི་སློབ་གསོ་ལེགས་གཉེར། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་བཀོད་སྒྲིག་གསར་པ་རབ་དང་རིམ་པ་བྱས་ཡོད་པས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མ་འོངས་བའི་ལོ་ལྔའི་རིང་གི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་འཆར་འགོད་ཡག་པོ་དང་སྐུལ་འདེད་ཏན་ཏིག་གཏོང་དགོས། 

ཚང་འཛོམས་གྲོས་ཚོགས་ལས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་གཞི་རྩའི་ངེས་གནས་དང་དུས་རིམ་རང་བཞིན་གྱི་བླང་བྱར་རྐང་བཙུགས་ཏེ། ཕྱོགས་བདུན་གྱི་ཐད་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་བཏོན་པར་མ་ཟད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་སྟེང་ཐག་གཅོད་བྱས་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་བསྟན་ཡོད།

རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་འཆར་འགོད་དང་ནོར་དོན་སི་ཡི་སི་ཀྲང་ཝང་གོ་ཝུའེ་ཡིས་བཤད་རྒྱུར། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་འགག་གནད་མགྱོགས་མྱུར་སྒོས་སེལ་ནས་རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་ཁྲོམ་རའི་བཟང་ཆ་སྔར་ལས་འདོན་སྤེལ་གང་ལེགས་བྱ་དགོས། དུས་མཚུངས་སུ། གཙོ་གཉེར་བྱེད་པོའི་གསོན་ཤུགས་སྐྱེད་པ་དང་། ཁྲོམ་རའི་འཁོར་སྐྱོད་སྒྲིག་ལམ་ཇེ་ལེགས་སུ་གཏོང་བ། ཐོན་ལས་དང་ཐོན་རྫས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དམིགས་ནས་ཁྲོམ་རའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་དང་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། དཔལ་འབྱོར་འཕར་སྣོན་དང་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་ཁྲོམ་རའི་སྒུལ་ཤུགས་དྲག་པོ་མཁོ་འདོན་བྱ་དགོས། 

བཅར་ལན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་འཆར་འགོད་འཕེལ་རྒྱས་དང་ཆ་འཕྲིན་ཅན་སི་ཡི་སི་ཀྲང་ཀྲོང་ཉིན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ལས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། སྤྱི་པའི་ཞབས་ཞུ་ཆ་མཉམ་ཅན་དུ་འགྱུར་བར་བརྟན་བརླིང་ངང་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། འདིས་མ་ལག་ལྡན་པའི་སྒོ་ནས་རྩེ་རིམ་ཇུས་འགོད་བྱས་པར་མ་ཟད། འཐབ་ཇུས་ཀྱི་ལས་འགན་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པས། ང་ཚོར་སྔར་བས་གདེང་ཚོད་དང་། ཡིད་ཆེས། ཆོད་སེམས་བཅས་ལྡན་པར་བྱས་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས། ཀྲུང་གོའི་དེང་རབས་ཅན་ལ་བདེ་ཐང་གི་རྨང་གཞི་བརྟན་པོ་འདིང་དགོས། 

སྐྱེ་ཁམས་ཁོར་ཡུག་པུའུ་ཕྱོགས་བསྡུས་སི་ཡི་སི་ཀྲང་སུན་ཧྲོའུ་ལེང་གིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམིགས་འབེན་གཙོ་བོའི་ནང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ཐད་འཕེལ་རིམ་གསར་བ་གལ་ཆེན་བླངས་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་འདེད་བཏང་ཡོད། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐྱེ་ཁམས་ཁོར་ཡུག་འཆར་འགོད་བྱ་བ་ཡག་པོར་སྒྲུབ་རྒྱུ་ཡིན།  2035ལོའི་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་གཞིགས་ནས། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་ཆགས་པ་དང་ལག་ལེན་དུ་བསྟར་ནས། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་དང་། ལྗང་མདོག་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་རྒྱ་སྐྱེད་བཏང་སྟེ། མཛེས་སྡུག་གི་ཀྲུང་གོའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་དུ་བཏང་ནས། སྤུས་ལེགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ་ཡིན།

ཀྲུང་དབྱང་སྤྱི་ཚོགས་བྱ་བའི་པུའུ་ལས་ཁུངས་ཏང་ཨུའི་ཉིན་རྒྱུན་བྱ་བའི་བགོས་གཉེར་དོ་དམ་ཧྲུའུ་ཅི་གཞོན་པ་ལི་ཞའོ་ཕིན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་བགྲོད་ལམ་དུ་སྐྱོད་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་འཐུས་ཚང་དུ་གཏོང་དགོས་པ་བཏོན་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་གི་སྤྱི་ཚོགས་བྱ་བ་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཁག་དོན་འཁྱོལ་ནན་མོ་བྱ་རྒྱུ་དང་། དཔལ་འབྱོར་གྱི་རྩ་འཛུགས་གསར་པ། སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པ་བཅས་ཀྱིས་ཏང་འཛུགས་སྐྱོང་བྱ་རྒྱུ་དམིགས་སུ་བཀར་ནས་དམ་འཛིན་ལེགས་པོ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་དམ་འཛིན་ལེགས་པོ་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བར་དམ་འཛིན་ལེགས་པོ་བྱས་ཏེ། དུས་རབས་གསར་པའི་སྤྱི་ཚོགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།