རང་རེའི་དྲ་བའི་འཕྲིན། ཟླ10ཚེས27ཉིན། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་ཞིང་། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁམས་པའི་བརྙན་འཕྲིན་ཁང་གིས་སྒྲུབ་འགན་ཁུར་བའི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གསུམ་པ་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་མགོ་བརྩམས། པེ་ཅིང་དང་བོད་ལྗོངས། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་སྨྱན་སྦྱོར་ལས་ཁུངས37ནས་ཕེབས་པའི་མི་སྣ92ཚོགས་འདུར་ཞུགས་ཤིང་། འཚོགས་ཡུན་ཉིན5རེད།

ཚོགས་འདུར་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ལྷན་ཚོགས་རྩ་འཛུགས་ཨུ་ལྷན་གྱི་མགོ་ཁྲིད། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཕུར་བུ་ཚེ་རིང་དང་། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་པ་གཞོན་པ་ཝང་ཧོང་ཞིན། བོད་ལྗོངས་བརྙན་འཕྲིན་ཁང་གི་ཏང་ཙུའུ་ཁོངས་མིའམ་མགོ་གཙོ་གཞོན་པ་ཚེ་རིང་ཆོས་འཕེལ། ཨ་མདོ་བོད་སྐད་སྨྱན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ། ཨ་མདོ་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་པ་བསོད་ནམས་རིན་ཆེན། ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་པ་ཁུང་པིན་བཅས་གྲོས་ཚོགས་སུ་ཞུགས་ཡོད།

ཚོགས་འདུ་ལས་བསྟན་དོན། ད་ཐེངས་ཀྱི་ཚོགས་འདུ་འདི་ནི་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་སྨྱན་སྦྱོར་ཕན་ཚུན་བར་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས། ཕན་ཚུན་གྱི་དགེ་མཚན་ལེན་པ། ཐུན་མོང་ཐོག་འཕེལ་རྒྱས་འཚོལ་བའི་ཚོགས་འདུ་ཞིག་ཡིན་པར་མ་ཟད། རྒྱལ་ཡོངས་ཀྱི་བོད་སྐད་ཡིག་སྨྱན་སྦྱོར་བྱ་བ་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བའི་ཚོགས་འདུ་ཞིག་ཀྱང་ཡིན་པས། ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་ལྷག་བསམ་རྣམ་དག་གིས་ལག་ཏུ་ལེན་པ་དང་། ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་མཐར་ཕྱིན་བྱེད་པ། འགྲན་སློང་གསར་བ་དང་སྤོབས་པ་ཆེན་པོས་བོད་འབྲེལ་ས་ཁུལ་གྱི་གཙོ་རྒྱུན་སྨྱན་སྦྱོར་གསར་བ་རྩེ་གྲ་བསྐྲུན་པ་དང་། རྒྱལ་ཡོངས་ཀྱི་བོད་སྐད་ཡིག་སྨྱན་སྦྱོར་གྱི་ལས་སྒྲུབ་པ་དག་དང་མཐུན་པའི་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དགོས།

རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་ཐོག་མར་གྲོས་མགོ་བཏོན་པ་དང་། 1998ལོ་ནས་ཕལ་ཆེར་ལོ་རེར་ཐེངས་རེར་འཚོགས་བཞིན་ཡོད་ལ། བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་ལྗོངས་ཞིང་ལྔས་ལོ་རེ་བཞིན་རེས་སྐོར་ནས་གཙོ་སྒྲུབ་བྱེད་བཞིན་ཡོད། ཚོགས་འདུར་བོད་སྐད་ཡིག་གི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་དཔྱད་འདེམས་བྱེད་པ་དང་། བོད་ཡིག་གི་བརྡ་ཆད་གསར་བ་གཅིག་གྱུར་ཚད་ལྡན་དུ་གཏོང་བ། བོད་ཡིག་གི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཉམས་མྱོང་བརྗེ་རེས་སོགས་ཀྱི་ནང་དོན་ཚུད་ཡོད།

ཐེངས་འདིར་ཡང་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་སྨྱན་སྦྱོར་གྱི་འཕེལ་རྒྱས་ལ་དམིགས་ནས་ཉམས་མྱོང་ཕྱོགས་སྡོམ་བགྱི་བ་དང་། གསར་འགྱུར་དྲིལ་སྒྲོག་གི་ལས་དོན་སྐོར་ནས་བགྲོ་གླེང་བྱེད་པ། བརྡ་ཆད་གསར་བ་གཅིག་གྱུར་གཏན་འབེབས་བཟོ་བ། བོད་སྐད་ཡིག་གི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་དཔྱད་འདེམས་བྱེད་པ་སོགས་ཚུད་ཡོད་ལ། ཚོགས་འདུར་རྒྱལ་ཡོངས་བོད་འབྲེལ་ས་ཁུལ་གྱི་སྨྱན་སྦྱོར་ཚན་པ38ནས་བསྐུར་འོངས་པའི་བརྩམས་ཆོས་ཁྱོན548འབྱོར་ཡོད་པ་དང་། དེར་ཚགས་པར་དང་དུས་དེབ་ཀྱི་རིགས་ལ136དང་། རྒྱང་སྒྲོག་བརྙན་འཕྲིན་གྱི་རིགས་ལ138། སྨྱན་སྦྱོར་གསར་བའི་རིགས་ལ204། གཏམ་བརྗོད་དཔྱད་རྩོམ་གྱི་རིགས་ལ32ཡོད།

ཐེངས་འདིའི་ཚོགས་འདུའི་རིང་ལ། གསར་འགྱུར་བཅར་འདྲིའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། ཚོགས་ཞུགས་མི་སྣ་ཡོངས་ཁམས་པའི་བརྙན་འཕྲིན་ཁང་དང་གཡག་རྔ་རུ་བསྐྱོད་དེ། དུས་རབས་གསར་བའི་སྨྱན་སྦྱོར་མཉམ་འདྲེས་ཀྱི་ཉམས་མྱོང་དང་གྲུབ་འབྲས་ལ་རྒྱུས་ལོན་སློབ་སྦྱོང་དང་ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་སོགས་ཡི་གེ་དང་བརྙན་མིག་གི་ལམ་ནས་དྲིལ་སྒྲོག་བྱས་ཏེ། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་ཚོགས་ཀྱི་དྲིལ་སྒྲོག་ནུས་པ་ཇེ་ཆེར་གཏོང་བར་སྔར་བས་ནུས་ཤུགས་དབུལ་རྒྱུ་རེད།
གསར་འགོད་པ། ཡེ་ཤེས་སྒྲོལ་མ། ཤ་མོ་འཚོ།