2025ལོའི་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་འཕེལ་རྒྱས་གླེང་སྟེགས་ཟླ10པའི་ཚེས30ཉིན་ཟི་ལིང་དུ་སྤེལ་རྒྱུ་རེད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས26ཉིན།   གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནུས་ཁུངས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་ཆེད་དང་།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་བདེ་འཇགས་འཐབ་ཇུས་གསར་པ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ་མཚོ་སྔོན་གྱིས་སྟོབས་ཤུགས་གཅིག་བསྡུས་སྒོས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་གཡུར་དུ་ཟ་བའི་གྲུབ་འབྲས་དང་རྒྱ་ཆེ་བའི་མདུན་ལྗོངས་ཕྱོགས་ཡོངས་ནས་འགྲེམ་སྟོན་བྱེད་པ་དང་།   ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་བྱེད་ཐབས་གསར་པར་མཉམ་དུ་གྲོས་ཞིབ་བྱེད་པ།   དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་བྱེད་པ།   འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་བསྡུས་དང་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་དམིགས་འབེན་མངོན་འགྱུར་ཐད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་བར་རོགས་འདེགས་བྱེད་ཆེད་མཚོ་སྔོན་ཞིང་ཆེན་ནུས་ཁུངས་ཅུའུ་དང་ཀྲུང་གོ་ནུས་ཁུངས་ཞིབ་འཇུག་ཁང་གིས་ཟླ10པའི་ཚེས30ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཉིས་སྟོང་ཉེར་ལྔ་ལོའི་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་འཕེལ་རྒྱས་གླེང་སྟེགས་མཉམ་དུ་སྤེལ་རྒྱུ་རེད།

ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་ནི་དག་གཙང་ནུས་ཁུངས་ཀྱི་སྟོབས་ཤུགས་གཅིག་སྡུད་དང་མཐུན་སྦྱོར་འཕེལ་རྒྱས་གཏོང་དགོས་ཞེས་པ་དེ་ཡིན་ལ།    དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་གཙོ་ཐིག་དང་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་ལག་ལེན་ལ་དམ་དུ་དམིགས་ནས།    རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་འགོ་ཁྲིད་དང་། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་སོགས་ཀྱི་འགོ་ཁྲིད།   ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི།  འབྲེལ་ཡོད་ཚན་རིག་ཞིབ་འཇུག་ཁང་དང་མཐུན་ཚོགས།    ལས་རིགས་ཀྱི་མིང་དུ་གྲགས་པའི་ཆེད་མཁས་པ་དང་ཤེས་ཡོན་པ།  ནུས་ཁུངས་ཁེ་ལས་ཀྱི་འཐུས་མི་བཅས་གདན་ཞུས་ལྟར་གླེང་སྟེགས་ལ་ཞུགས་ནས་ནུས་ཁུངས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པར་མཉམ་དུ་གྲོས་ཞིབ་བྱ་རྒྱུ་རེད།    གླེང་སྟེགས་ཀྱིས་མགོ་རྩོམ་མཛད་སྒོ་དང་བརྗོད་དོན་གཏམ་བཤད།    བརྗོད་དོན་གྲོས་མོལ་སོགས་བྱེད་སྒོ་སྤེལ་ནས་གླེང་སྟེགས་ལ་ཞུགས་པའི་སྐུ་མགྲོན་ཚོས་ཕན་ཚུན་བར་བརྗེ་རེས་ཟབ་མོ་དང་ཤེས་རིག་མཉམ་སྤྱོད།   འཕེལ་རྒྱས་ལ་མཉམ་དུ་འཆར་འགོད་བྱེད་པའི་སྟེགས་བུ་འདོན་སྤྲོད་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།