མཚོ་སྔོན་གྱིས་ས་བོན་ནང་འདྲེན་བྱས་ནས་བཏབས་པའི་དགུན་ནས་ཐོག་མ་ལེགས་འགྲུབ་བྱུང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་སུ་རྒྱུས་ལོན་པ་ལྟར་ན།  ཟླ་བཅུ་བའི་ཟླ་དཀྱིལ་ཙམ་ལ་མཚོ་སྔོན་ཞིང་ཆེན་དེང་རབས་ཞིང་ལས་གནམ་གཤིས་ཚོད་ལྟ་རྟེན་གཞི(ཁྲི་ཀའི་ས་ཚུགས)རུ་ཚོད་ལྟའི་ཚུལ་དུ་དུས་ཐེངས་དང་པོ་དང་གཉིས་པར་བཏབས་པའི་དགུན་ནས་ཀྱི་མྱུ་གུ་ཡོངས་སུ་འབུས་ཤིང་སྐྱེས་མཚར་ལེགས།  དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་མ་ལག་རང་བཞིན་གྱི་སྒོ་ནས་དགུན་ནས་ཚོད་ལྟའི་ཚུལ་དུ་བཏབས་པ་ལེགས་པར་གྲུབ་པའི་མཚོན་རྟགས་ཤིག་ཡིན་པ་མ་ཟད། མཐོ་སྒང་གི་ཞིང་ལས་གནམ་གཤིས་ཀྱི་ཐོན་ཁུངས་རྒྱ་སྐྱེད་དང་བེད་སྤྱོད།  བསྐྱར་འདེབས་དམིགས་གྲངས་དང་དཔལ་འབྱོར་གྱི་ཕན་འབྲས་མཐོར་འདེགས་གཏོང་བའི་ཐད་ལ་གནད་འགག་གི་གོམ་པ་དང་པོ་སྤོས་པ་ཡང་མཚོན།

  ནས་ནི་མཚོ་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་འབྲུ་རིགས་ཤིག་ཡིན་ན་ཡང་།  ད་བར་དུ་དགུན་ནས་འདེབས་པའི་ལོ་རྒྱུས་ཞིང་ཆེན་ནང་ཁུལ་དུ་བྱུང་མྱོང་མེད།    ནས་ཀྱི་ཁྱད་ལྡན་ཞིང་ལས་ཀྱི་གནམ་གཤིས་ཞབས་ཞུ་བྱ་བར་སྐུལ་འདེད་དང་།  ཞིང་ལས་འཕར་ཕྱོད་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བཅས་བྱ་ཆེད།  མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཚན་རིག་ཞིབ་འཇུག་ཁང་དང་། མཚོ་སྔོན་ཞིང་ཆེན་ནས་ཀྱི་ཁྱད་ལྡན་ཞིང་ལས་ཀྱི་གནམ་གཤིས་ཞབས་ཞུ་ལྟེ་གནས་བཅས་ཀྱིས་བོད་རང་སྐྱོང་ལྗོངས་ནས་ཀྱི་གནམ་གཤིས་ཞབས་ཞུ་ལྟེ་གནས་དང་མཉམ་འབྲེལ་བྱས་ཏེ།   2025ལོའི་ཟླ9ཚེས29ཉིན་བོད་ལྗོངས་ནས་ནང་འདྲེན་བྱས་པའི་དགུན་ནས་ཀྱི་ས་བོན་ཚོད་ལྟའི་ཚུལ་དུ་འདེབས་མགོ་བརྩམས། 

ཚན་ཞིབ་དཔུང་སྡེ་ཡིས་ཁྲི་ཀ་རྫོང་དང་བོད་ལྗོངས་ཉིང་ཁྲི། ལྷོ་ཁ་ས་ཁུལ་བཅས་ཀྱི་སྟོན་འཇུག་གི་མཁའ་དབུགས་དྲོ་གྲང་མཚུངས་པའི་ཆ་རྐྱེན་ལེགས་པོ་བེད་སྤྱོད་གང་ལེགས་བྱས་ཏེ།   “བོད་ལྗོངས་ཀྱི་དགུན་ནས་དང་པོ”ཡི་ས་བོན་ནང་འདྲེན་བྱས།   དེར་ས་བབ་མཐོ་བའི་ཁོར་ཡུག་ལ་འཕྲོད་ཅིང་།   གྲང་ངར་དང་སྨུག་ཕྱིའི་འོད་ཀྱི་འགྱེད་འཕྲོ་སོགས་འགོག་ཐུབ་པའི་ཁྱད་ཆོས་ལྡན་པ་དང་།   དུས་རྒྱུན་སྟོན་དུས་སུ་འདེབས་པ་དང་ཕྱི་ལོའི་དབྱར་དུས་སུ་བརྔ་བསྡུ་བྱེད་ལ། གོ་རིམ་ཡོངས་ཟླ8ནས9ཡི་དུས་ཚོད་དགོས།  ད་སྔ་དགུན་ནས་དེ་བོད་ལྗོངས་ཉིང་ཁྲི་དང་ལྷོ་ཁ།  ལྷ་ས་སོགས་ས་ཁུལ་དུ་འདེབས་བཞིན་ཡོད་ལ། མཚོ་སྔོན་དུ་ནང་འདྲེན་བྱས་པ་ནི་ས་བོན་འདིའི་འཕྲོད་མཐུན་རང་བཞིན་ལ་ལྟ་བའི་ཚོད་བགམ་གལ་ཆེན་ཞིག་རེད།

 ཚན་ཞིབ་དཔུང་སྡེས་དུས་བགོས་སོན་འདེབས་ཀྱི་ཇུས་གཞི་ཚན་རིག་དང་མཐུན་པ་ཞིག་བཟོས་ཡོད་དེ།  ཟླ9ཚེས29ཉིན་ནས་ཟླ10ཚེས20ཉིན་བར་ཚོད་ལྟ་ཁུལ16རུ་དུས་བགོས་ལྟར་སྔ་གཞུག་ཏུ་སོན་འདེབས་ཐེངས4བྱ་རྒྱུ་བྱས་ཤིང་།   ད་ལྟ་སོན་འདེབས་ཐེངས་གསུམ་པ་བཏབས་ཚར་བ་དང་།  ཐེངས་བཞི་བ་ཡང་ཟླ10ཚེས20ཉིན་བཏབས་ཚར།      ད་སྔའི་བར་དུ་དུས་ཐེངས་དང་པོར་བཏབས་པའི་དགུན་ནས་ཀྱི་མྱུ་གུ་འབུས་ཚད་ཧ་ཅང་ལེགས་ལ་འབུས་ཚད95%ཟིན། 

 ནས་མྱུག་དགུན་གཡོལ་ནས་སླར་ལོ་འདབ་རྒྱས་ཤིང་སྙེ་མ་འབུས་པའི་བར་དུ་ཚན་ཞིབ་དཔུང་སྡེས་སྔ་གཞུག་ཏུ་དགུན་ནས་ཀྱི་འཕྲོད་མཐུན་རང་བཞིན་ལ་ཚད་ལེན་བྱས་པའི་གནད་འགག་གི་གཞི་གྲངས་བླངས་ཏེ།   དགུན་ནས་ཀྱི་གནམ་གཤིས་ཞབས་ཞུ་ལས་སྒོར་འདེགས་སྐྱོར་དང་།  མཚོ་སྔོན་གྱི་སོན་འདེབས་གྲུབ་སྟངས་ལེགས་སྒྱུར།  ཁ་དབུགས་ཀྱི་མི་མངོན་ནུས་ཤུགས་སྔོག་འདོན།  མཐོ་སྒང་གི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཅས་ཐད་ལ་གནད་འགག་ཏུ་གྱུར་བའི་ཚན་རྩལ་གྱི་རམ་འདེགས་མཁོ་འདོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།