མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས17ཉིན། ཧྲང་ཧའེ་དང་མགོ་ལོག་མཚོ་ཤར་གསུམ་གྱི་ཐོན་ལས་མཉམ་ལས་འབྲེལ་མཐུད་ཚོགས་འདུ་མཚོ་ཤར་གྲོང་ཁྱེར་དུ་འཚོགས། ལྗང་མདོག་ཐཱན་ཉུང་དང་། མིས་བཟོས་རིག་ནུས། སྐྱེ་ཁམས་ཡུལ་སྐོར་སོགས་སྔོན་ཐོན་ཁྱབ་ཁོངས་ནས་ཡོང་བའི་ཧྲང་ཧའེ་ཡི་ཁེ་ལས30ལྷག་གིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ཤར་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འཐུས་མི་དང་མཉམ་དུ་མཉམ་ལས་འཕེལ་རྒྱས་སྐོར་ལ་ཇུས་ཐབས་བཏོན།
ཐེངས་འདིའི་བྱེད་སྒོ་ཡིས་ཧྲང་ཧའེ་ཡི་མ་རྩ་དང་། ལག་རྩལ། ཤེས་ལྡན་པ། ཁྲོམ་རའི་ལེགས་ཆ་སྟོབས་ཆེན་བཅས་ལ་གཞི་བཅོལ་བ་དང་། མགོ་ལོག་ཁུལ་གྱི་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་དང་འཕེལ་རྒྱས་ཀྱི་མི་མངོན་སྟོབས་ཤུགས། མཚོ་ཤར་གྱི་ཐུན་མོང་མ་ཡིན་པའི་ཡུལ་བབ་ཀྱི་འགྲིམ་འགྲུལ་དང་། ཐོན་ལས་རྨང་གཞི། དང་ལེན་ལས་སྟེགས་སོགས་ཀྱི་འབྲེལ་ཐག་ནུས་པ་འདོན་སྤེལ་བཅས་བྱས་ཏེ། རིམ་པ་མང་བ་དང་ཁྱབ་ཁོངས་རྒྱ་ཆེ་བའི་མཉམ་ལས་བྱེད་སྟངས་གསར་པ་ཐུན་མོང་ཐོག་འཚོལ་ཞིབ་དང་། “ས་འཕུར་དཔལ་འབྱོར”གྱི་བར་སྟོང་གསར་པ་རྒྱ་སྐྱེད་དེ་མཚོ་སྔོན་དང་ཧྲང་ཧའེ་དབར་གྱི་མཉམ་ལས་ལ་རིམ་སྤར་པར་གཞི་གཏོད་པ་དང་། མ་འཇོག་ངོ་སྤྲོད་དང་། རྣམ་གྲངས་ཀྱི་གན་འཇོག ཁེ་ལས་ཀྱི་གྲོས་སྡུར་དང་གནད་ལ་འཁེལ་བའི་འབྲེལ་མཐུད་བཅས་བརྒྱུད་ནས་ཐོན་ལས་མཉམ་ལས་ཀྱི་སྟེགས་བུ་གསར་པ་བསྐྲུན།
བྱེད་སྒོ་སྤེལ་ཡུལ་དུ་མགོ་ལོག་ཁུལ་སྲིད་གཞུང་དང་མཚོ་ཤར་གྲོང་ཁྱེར་སྲིད་གཞུང་གཉིས་ཀྱིས“ས་འཕུར་དཔལ་འབྱོར”ཞེས་པའི་མཉམ་ལས་སྒྲོམ་གཞིའི་གྲོས་ཆིངས་ལ་མིང་རྟགས་བཀོད། མགོ་ལོག་ཁུལ་དང་མཚོ་ཤར་གཉིས་ཀྱིས་མཉམ་དུ“ས་འཕུར་དཔལ་འབྱོར”ཟུང་འབྲེལ་གྱི་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་བྱས་ཏེ། མགོ་ལོག་མཐོ་སྒང་གི་རང་བྱུང་ཁོར་ཡུག་གིས་ཚད་བཀག་ཐེབས་པའི་འཕེལ་རྒྱས་ཀྱི་དཀའ་གནད་ནུས་ལྡན་ངང་སེལ་བ་དང་། ཁེ་ལས་ཀྱིས་ཁ་གཏད་རོགས་སྐྱོར་སྲིད་ཇུས་ཀྱི་ཕན་ཁེ་ལོངས་སུ་སྤྱོད་པར་རོགས་རམ་བྱས་ནས་ཁ་གཏད་རོགས་སྐྱོར་གྱི་སྤུས་ཚད་དང་ཕན་འབྲས་ཆེར་བསྐྱེད་ནས་ཧྲང་ཧའེ་དང་མཚོ་སྔོན་ས་ཁུལ་གཉིས་ཀྱི་ཐོན་ལས་མཉམ་ལས་གཏིང་ཟབ་ཐད་ལ་བར་སྟོང་རྒྱ་ཆེན་པོ་ཞིག་བཏོད། མཚོ་ཤར་གྲོང་ཁྱེར་གྱི་ས་བབ་མཐོ་ཚད་འོས་འཚམ་དང་། འགྲིམ་འགྲུལ་སྟབས་བདེ་བ། རྒྱུ་རྐྱེན་སྣ་མང་འདུ་བ། སྐྱེ་ཁམས་ཁོར་ཡུག་ལེགས་པ་བཅས་ཀྱི་ཆ་རྐྱེན་ལྡན་པས། ཧྲང་ཧའེ་ཐོན་ལས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པར་ཧ་ཅང་འཚམ་པའི“ས་འཕུར”ཐེག་ཁུལ་ཞིག་རེད། ཐེངས་འདིའི་མཉམ་ལས་བརྒྱུད། མཚོ་ཤར་ནི་མཚོ་སྔོན་དང་ཧྲང་ཧའེ་མཉམ་ལས་ཀྱི་མདུན་སའི་གཡུལ་ས་ཞིག་ཏུ་བསྒྱུར་རྒྱུ་དང་། མགོ་ལོག་ནི་ཐོན་ཁུངས་ཀྱི་རིན་ཐང་བསྒྱུར་བ་ཡིད་བརྟན་འཕེར་བའི“བར་བརྒྱུད་ས་ཚིགས་”དང“འགྲེམ་སྟོན་སྒེའུ་ཁུང་”ཞིག་ཏུ་བསྒྱུར་ཏེ། མཚོ་ཤར་གྱི་ཐོན་ལས་སྟེགས་བུ་དང་། ཁྲོམ་རའི་མཐུད་སྣེ་བརྒྱུད་ནས་ཧྲང་ཧའེ་ཡི་མ་དངུལ་དང་། ལག་རྩལ། དོ་དམ་བཅས་འབྲེལ་མཐུད་བྱེད་པ་དང་། མགོ་ལོག་གི་སྐྱེ་ཁམས་རིན་ཐང་བསྒྱུར་བའི་གོམ་ཁ་ཇེ་མགྱོགས་སུ་བཏང་སྟེ། མཐར“མཚོ་སྔོན་དང་ཧྲང་ཧའེ་གཉིས་ཀྱིས་ལག་གདང་སྦྲེལ་ནས་ས་གནས་གཉིས་མཐུན་སྦྱོར་དང་ཕྱོགས་གསུམ་མཉམ་རྒྱལ”བཅས་ཀྱི་རྣམ་པ་གསར་པ་ཞིག་ཆགས་རྒྱུ་བྱས་སོ། །