ཅོ་ནེ་ཡུམ་ཚེ་རིང་གི་རིག་གཞུང་ཆེད་དེབ་ཀྱི་འགྲེམ་སྤེལ་མཛད་སྒོ་བདེ་བླག་ངང་སྤེལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། ཟླ10ཚེས19ཉིན་གྱི་ཕྱི་དྲོར།  བོད་ཀྱི་སྐད་གཉིས་སྨྲ་བའི་རྩོམ་པ་པོ་གྲགས་ཅན། མཚན་ཉིད་རིག་པའི་འབུམ་རམས་པ། ཞུ་ཆེན་ལོ་ཙཱ་བ་ཅོ་ནེ་ཡུམ་ཚེ་རིང་གིས་མི་ལོ་བཅུ་དྲུག་རིང་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལ་ཞིབ་འཇུག་གནང་ནས། རིག་པའི་མདུད་བརྒྱ་ལེགས་པར་གྲོལ་བའི་ལེགས་བྱས་ཀྱི་འབྲས་བཟང་སྟེབོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ་མདུད་བརྒྱ་གྲོལ་བའི་གཏམ་ཞེས་བྱ་བ་བཞུགས་སོདངོས་སུ་པར་སྐྲུན་འགྲེམ་སྤེལ་དང་རིག་གཞུང་བགྲོ་གླེང་གནང་བའི་མཛད་སྒོ་སྤོས་ལྡན་གྲོང་ཁྱེར་གྱི་ཁྲི་ཀ་ཚང་ནས་གཟབ་རྒྱས་ངང་སྤེལ་བ་རེད།  

ཐེངས་འདིའི་མཛད་སྒོའི་སྟེང་དུ་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཕེབས་པའི་རིག་གཞུང་ཆེད་མཁས་པ་དང་ན་གཞོན་ཤེས་ཡོན་པ་སོགས་མི་མང་པོ་ཞིག་གདན་ཐོག་གཅིག་ཏུ་འཛོམས་ནས།  བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་རྒྱུན་འཛིན་དང་འཕེལ་རྒྱས་སྐོར་ནས་བགྲོ་གླེང་ཟབ་མོ་གནང་ཞིང་། རྩོམ་རིག་གི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་རྒྱ་བོད་ཀྱི་མཁས་དབང་རྣམ་པས་རིག་གཞུང་དཔྱད་རྩོམ་འདི་ནི་ཀྲུང་གོའི་དེང་རབས་རྩོམ་རིག་གི་ངོས་ནས་རབ་རྟོག་བརྩམས་སྒྲུང་ཞིབ་འཇུག་གི་སྟོང་ཆ་ཞིག་སྐོང་བ་དང་། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་དགེ་མཚན་འཛམ་གླིང་དུ་ངོམ་པ། བོད་ཀྱི་སྲོལ་རྒྱུན་རབ་རྟོག་རྩོམ་རིག་གི་དེང་རབས་རིན་ཐང་སྔོག་འདོན་བྱེད་པ་སོགས་ཀྱི་ཐད་ནས་རིན་ཐང་ཆེན་པོ་ལྡན་པའི་གདེང་འཇོག་གང་ལེགས་གནང་བ་རེད། 

རིག་གཞུང་ཞིབ་འཇུག་བགྲོ་གླེང་གི་ཞོར་དུ་ཡུལ་ཕྱོགས་སོ་སོ་ནས་ཕེབས་པའི་ཅོ་ནེ་ཡུམ་ཚེ་རིང་གི་སློབ་གཉེར་གྱི་དུས་རིམ་སོ་སོའི་དགེ་རྒན་དང་། གྲོགས་པོ། སློབ་མ། གླུ་པ་གླུ་མ་སོགས་མཛད་སྒོའི་ཡུལ་དངོས་སུ་ཕེབས་ནས་རྟེན་འབྲེལ་གྱི་ལྷ་དར་དང་གླུ་གར་གྱི་མཆོད་པ་ཕུལ་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཅོ་ནེ་ཡུམ་ཚེ་རིང་གི་རིག་གཞུང་ཆེད་དེབབོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ་མདུད་བརྒྱ་གྲོལ་བའི་གཏམཞེས་བྱ་བ་འདི་ནི་ཁོང་གིས་སི་ཁྲོན་སློབ་ཆེན་དུ2008ལོ་ནས2014བོའི་བར་མཚན་ཉིད་རིག་པའི་འབུམ་རམས་པ་བཏོན་པའི་བསླབ་གནས་དཔྱད་རྩོམ་ཡིན་ཞིང་། 2016ལོར་དཔྱད་རྩོམ་འདི་ལ་རིག་གཞུང་གི་རིན་ཐང་ཆེན་པོ་ཡོད་པར་བརྟེན་ནས།  རྒྱལ་ཡོངས་ཀྱི་རུའུ་ལུགས་དང་ཏའོ་ལུགས། ནང་བསྟན་བཅས་ཀྱི་འབུམ་རམས་པའི་དཔྱད་རྩོམ་དཔེ་ཚོགས་ནང་དུ་བདམས་ཤིང་། ལོ་དེར་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྗེས་འཇུག་རོགས་དངུལ་གྱི་རྒྱབ་སྐྱོར་ཐོབ་ཡོད། 
དཔྱད་རྩོམ་འདི་དེབ་སྟོད་སྨད་གཉིས་ཀྱིས་གྲུབ་པ་སྟེ། སྟོད་ཆ་ནི་རིག་གཞུང་ཞིབ་འཇུག་གི་སྐོར་ཡིན་ཞིང་། གཙོ་བོ་ཞིབ་འཇུག་གི་ཐབས་ལམ་མང་པོར་བརྟེན་ནས་བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ལ་ཞིབ་འཇུག་གནང་བའི་རིག་གཞུང་གི་གྲུབ་འབྲས་ཡིན་ལ། སྨད་ཆ་ནི་ཁོང་གི་ཞིབ་འཇུག་དང་འབྲེལ་བའི་བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་བཅུ་གསུམ་རྒྱ་ཡིག་ཏུ་བསྒྱུར་བའི་འགྱུར་རྩོམ་གྱི་སྐོར་རེད། 
དཔྱད་རྩོམ་འདི་ལ་མཚོན་ན་དུས་རབས་རིམ་བྱོན་གྱི་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་མཛད་པའི་སྒྲུང་དང་གཏམ་རྒྱུད་གྲགས་ཅན་སྐོར་ཞིག་དཔྱད་གཞིར་བཟུང་ནས།  བོད་ཀྱི་རབ་རྟོག་བརྩམས་སྒྲུང་གི་གོ་དོན་དང་། བསམ་བློའི་ནང་དོན། སྒྱུ་རྩལ་ཁྱད་ཆོས་སོགས་ལ་ཞིབ་འཇུག་གཏིང་ཟབ་མོ་བྱས་ཤིང་། ཁྱད་པར་དུ་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནས་མི་རིགས་གཞན་པའི་རབ་རྟོག་བརྩམས་སྒྲུང་དང་ཕན་ཚུན་དཔྱད་ཅིང་བསྡུར་ཏེ། བོད་ཀྱི་རྩོམ་འབྱུང་ལོ་རྒྱུས་སྟེང་ནས་རབ་རྟོག་བརྩམས་སྒྲུང་གི་གོ་གནས་དང་དུས་རབས་ཀྱི་རིན་ཐང་གཏན་འཁེལ་བྱས་པར་མ་ཟད། བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་ཕྱི་ནང་གསང་གསུམ་ན་གནས་པའི་རྩོམ་རིག་དང་། སྐྱེ་ཁམས་རིག་པ། མིའི་རིགས་རིག་པ། སྤྱི་ཚོགས་རིག་པ། ཆོས་ལུགས་རིག་པ་སོགས་ཁྱབ་ཁོངས་སོ་སོའི་རིན་ཐང་ལ་བློ་གཟུར་བོར་གནས་པའི་སྒོ་ནས་གདེང་འཇོག་དང་དཔྱད་པ་བཏང་ཡོད་པས། འདི་ཡིས་དུས་རབས་གསར་པའི་ནང་ལ་སྤྱིར་འཛམ་གླིང་ཡོངས་དང་ནང་སྒོས་སུ་སྒང་བ་བོད་ཀྱི་རྩོམ་རིག་གི་ཞིང་ས་ལ་རིག་པའི་ཆར་ཆུ་སྩོལ་བའི་དུས་ཀྱི་གསོས་སྨན་ཏུ་འགྱུར་བའི་སྨོན་འདུན་དང་ཡིད་ཆེས་ཡོད།
ཅོ་ནེ་ཡུམ་ཚེ་རིང་། མཚན་ཉིད་རིག་པའི་འབུམ་རམས་པ། སྐད་གཉིས་སྨྲ་བའི་རྩོམ་པ་པོ། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཞུ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་གདན་ཞུས་ཆེད་མཁས། ཞི་ཧྭ་དགེ་ཐོན་སློབ་ཆེན་གྱི་གདན་ཞུས་དགེ་རྒན་ཆེན་མོ།
རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།