ཟླ10ཚེས14ཉིན་ནས་ཚེས16ཉིན་བར་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་གྱི་ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་སུ་སློབ་སྦྱོང་དང་རྟོག་ཞིབ་ཏུ་བསྐྱོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་སློབ་སྟོན་གྱི་དགོངས་དོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་བཅས་ལག་ལེན་མཐར་ཕྱིན་བྱས་ནས་བོད་ལྗོངས་བཅོས་སྒྱུར་གོང་སྤེལ་གྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱས་པ་དང་། བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་ཆིངས་ལ་མིང་རྟགས་བཀོད་དེ། ལག་གདེང་མཉམ་སྦྲེལ་གྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་བྱས། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་བཅས་ཀྱིས་སོ་སོ་ནས་ལའོ་ཏུང་ཁྲོན་ལ་ཐུག་འཕྲད་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་ཡན་ཅིན་ཧའེ་ཐུག་འཕྲད་ལ་ཞུགས།
ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་བོད་ལྗོངས་སུ་རྟོག་ཞིབ་ལ་ཕེབས་པར་དགའ་བསུ་ཞུས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་བོར་བོད་ལྗོངས་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་འདི་སྐད། བོད་ལྗོངས་དང་མཚོ་སྔོན་ཕན་ཚུན་གྱི་རི་ཆུ་གཅིག་ལ་འབྲེལ་ཞིང་། མི་ཆོས་རིག་གནས་མཐུན་པ་སོགས་ཁྱིམ་ཚང་གཅིག་དང་འདྲ་བ་མ་ཟད། ཕྱོགས་གཉིས་ཀར་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ། ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་བཅས་གཏང་བའི་འགན་འཁྲི་དང་འོས་འགན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་སྟོན་གལ་ཆེན་གྱི་དགོངས་པར་སློབ་སྦྱོང་ནན་ཏན་དང་ལག་ལེན་མཐར་ཕྱིན་བྱས་ཏེ། མཉམ་དུ་སྤྱི་ཚོགས་གཏན་འཇགས་སྲུང་སྐྱོང་གི་ལས་ཀ་ལེགས་པར་བསྒྲུབ་ནས་ཕྱོགས་ཡོངས་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་དང་། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་ལུགས་ཅན་དུ་འགྱུར་བའི་བླང་བྱ་ལྟར་དུ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུག་ཐག་བྱ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། ས་གནས་གཉིས་ཀྱི་དམངས་སེམས་ཕན་ཚུན་འདྲེས་ཤིང་། དུང་བ་གཅིག་ཏུ་འཁྱིལ་ཐུབ་པར་འཇུག་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བྱས་ཏེ། མཚོ་བོད་མཐོ་སྒང་དེ་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་བསྐྲུན་དགོས། སྒོ་ཀུན་ནས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱས་ཏེ། ཆད་པ་ཁ་གསབ་དང་དགེ་མཚན་གསེབ་རེས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བརྗོད།
ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱི་ཚབ་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་ལ་རོགས་སྐྱོར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ཐད་ལ་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་ཡིད་སྨོན་བྱས། ཁོས་འདི་སྐད། མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ཕུགས་རིང་ལ། བརྗེ་རེས་མཉམ་ལས་ཀྱི་ཕན་འབྲས་ཧ་ཅང་མངོན་གསལ་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་བོད་རང་སྐྱོང་ལྗོངས་བཙུགས་ཏེ་ལོ60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཕེབས་དུས་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་བྱས་ནས་ལག་ལེན་མཐར་ཕྱིན་དང་། བོད་ལྗོངས་ཀྱིས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བའི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་ལེགས་ཤོས། བྱ་སྤྱོད་བཟང་བོར་སློབ་སྦྱོང་དང་ཟུར་ལྟ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཁྲོད་ཅི་ནུས་ཀྱིས་ཞུགས་ནས་ལས་གཞི་འཛུགས་སྐྲུན་གལ་ཆེན་ལ་ཞབས་ཞུ་ཧུར་ཐག་བསྒྲུབ་དགོས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་དར་སྤེལ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་མཉམ་བཅོས། ནུས་ཁུངས་གཙང་མའི་ཐོན་ལས། མངའ་ཁོངས་མཉམ་སྤེལ། འགྲིམ་འགྲུལ་སྐྱེལ་འདྲེན་སྦྲེལ་གཏོང་། ཐོན་ལས་མཉམ་ལས་ཀྱི་དགེ་མཚན་གསེབ་རེས། མི་རིགས་འབྲེལ་འདྲིས་དང་སྤེལ་རེས་མཉམ་འདྲེས་ལ་ཤུགས་སྣོན་བཅས་བྱ་བ་དམིགས་སུ་བཟུང་སྟེ། དངོས་སྒྲུབ་མཉམ་ལས་སྔར་ལས་ལེགས་པོར་བསྒྲུབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་བའི་ལམ་དུ་ལག་གདང་དམ་པོར་སྦྲེལ་ནས་མདུན་དུ་བསྐྱོད་དགོས་ཞེས་བརྗོད།
ཀརྨ་ཚེ་བརྟན་གྱིས་འདི་སྐད། དུས་རབས་གསར་པར་འདོང་བའི་ལམ་དུ་བོད་ལྗོངས་དང་མཚོ་སྔོན་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སློབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་སྒོ་ཀུན་ནས་ལག་བསྟར་མཐའ་འཁྱོལ་བ་བྱས་ཏེ། མཐུན་སྒྲིལ་ཟོལ་མེད་དང་མཉམ་ལས་མཉམ་རྒྱལ་ཕྱོགས་ནས་ཆུ་ཚད་མཐོ་ལ། ཕྱོགས་ཀུན་མཉམ་ལས་ཀྱི་གོམ་པ་བརྟན་པོ་སྤོས་ཡོད། རེ་བ་ཡིན་ན་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ལག་གདང་དམ་པོར་སྒྲིལ་ཏེ་མཉམ་ལས་ཀྱི་བར་སྟོང་མུ་མཐུད་དུ་ཆེ་རུ་བསྐྱེད་ཅིང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་ཕྱེས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པའི་སྟེང་བོད་ལྗོངས་དང་མཚོ་སྔོན་གཉིས་ཀྱི་ཁག་ཁུར་དང་སྟོབས་ཤུགས་ཅི་དགར་ངོམ་དགོས་ཞེས་བརྗོད། རྟོག་ཞིབ་ཀྱི་རིང་དུ། རང་ཞིང་གི་འཐུས་ཚབ་ཚོགས་པ་མཚོ་བོད་ལྕགས་ལམ་ཟོང་འདྲེན་ལྟེ་གནས་ལྷ་སའི་ནུབ་ཚིགས་གཉེར་སྐྱོང་པུའུ་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་བར་སྐོར་དང་། སྨིན་གླིང་ཆུ་གློག་ས་ཚིགས་ཀྱི་རགས་ཤུལ། ཉིང་ཁྲི་གྲོང་ཁྱེར་འཆར་འགོད་ཁང་སོགས་སུ་བསྐྱོད་དེ་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། ཀྲུང་གོའི་ཡར་ཀླུང་གཙང་བོ་སྡེ་ཤོག་གི་མཉམ་འཛོམས་ཚོགས་འདུར་བསྐྱོད་པ་མ་ཟད་བཞུགས་མོལ་ཡང་གནང་།
བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་བསྟན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཅིན་ཀང་བཅས་ཚོགས་འདུར་ཞུགས་པ་དང་། ཀྲུང་གོའི་ཡར་ཀླུང་གཙང་བོ་སྡེ་ཤོག་གི་ཏུང་ཧྲི་ཀྲང་ཡུས་པིན་འབྲེལ་ཡོད་བྱེད་སྒོར་ཞུགས།