སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བྱང་སྐར་ཕྱོགས་སྟོན་མ་ལག་སྤྱོད་རྒྱ་ཆེ་རུ་བཏང་ནས། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་ཆེད་སྔར་ལས་ལྷག་པའི་བྱས་རྗེས་གསར་བ་འཇོག་དགོས”ཞེས་གསུངས། བྱང་སྐར་མ་ལག་ནི་རང་རྒྱལ་གྱིས་རང་བརྟེན་འཛུགས་སྐྲུན་དང་རང་བརྟེན་འཁོར་སྐྱོད་བྱས་པའི་སྲུང་སྐར་ཕྱོགས་སྟོན་མ་ལག་ཅིག་རེད། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”སྐབས་སུ་བྱང་སྐར་འཛམ་གླིང་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་ལམ་སྲོལ་མ་ལག་དང་མྱུར་ཚད་གཞི་ཁྱོན། བཀོལ་སྤྱོད་རྣམ་པ་སོགས་རྒྱུན་ཆད་མེད་པར་ཐོད་བརྒལ་གསར་པ་བྱུང་བ་དང་སྐས་རིམ་གསར་པར་སླེབས་ཏེ། ཀྲུང་གོའི་བྱང་སྐར་གྱི་འོད་སྟོང་ལྡན་པའི་ངོ་མཚར་བསྐྲུན།
ཀྲུང་གོའི་ས་གཞི་ཆེན་མོའི་སྟེང་། བྲེལ་འཚུབ་ཆེ་བའི་གྲོང་ཁྱེར་གྱི་འགྲིམ་འགྲུལ་དང་ཡངས་ཤིང་རྒྱ་ཆེ་བའི་ཕྱུགས་ར། རྨོ་འདེབས་ཀྱི་ས་ཞིང་བཅས་སུ། བྱང་སྐར་གྱིས་གང་སར་ཁྱབ་ཡོད།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རྩ་གནད་ནང་དུ། བྱང་སྐར་མ་ལག་ཁྱབ་གདལ་དང་བེད་སྤྱོད་གཏིང་ཟབ་བྱས་ནས། བྱང་སྐར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། ད་ལྟའི་བྱང་སྐར་མ་ལག་གིས་ཉིན་རེར་ཞབས་ཞུ་ཐེངས་ཁྲག་ཆེན་རེ་མཁོ་འདོན་བྱེད་པ་དང་ཕྱོགས་སྟོན་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཐེར་འབུམ་བཞི་ལས་བརྒལ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱང་སྐར་མ་ལག་གི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁྲལ་གནང་གིན་ཡོད་ལ། 2020ལོའི་ཟླ7ཚེས31ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བསྐྲུན་ཚར་ནས་ཤར་གཏོང་བྱེད་པའི་མཛད་སྒོར་ཞུགས་ཏེ་བྱང་སྐར་ཨང་གསུམ་པའི་འཛམ་གླིང་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་དངོས་སུ་ཤར་གཏོང་བྱས་པ་ཁྱབ་བསྒྲགས་གནང་། 2021ལོའི་ཟླ9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་དང་པོའི་བྱང་སྐར་གཞི་ཁྱོན་བེད་སྤྱོད་རྒྱལ་སྤྱིའི་རྩེ་ཚོགས་ལ་ཤིས་འཕྲིན་སྤྲིངས་ནས། བྱང་སྐར་སྲུང་སྐར་ཕྱོགས་སྟོན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་བྱང་སྐར་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བྱང་སྐར་སྲུང་སྐར་ཕྱོགས་སྟོན་མ་ལག་གི་གྲུབ་འབྲས་མཉམ་སྤྱོད་དང་། འཛམ་གླིང་ཡོངས་ཀྱི་སྲུང་སྐར་ཕྱོགས་སྟོན་བྱ་གཞག་ཡར་ཐོན་ལ་སྐུལ་འདེད་བཏང་ནས། བྱང་སྐར་མ་ལག་གིས་འཛམ་གླིང་ཡོངས་ལ་སྔར་ལས་ལྷག་པའི་ཞབས་འདེགས་ཞུ་བ་དང་མིའི་རིགས་ལ་བདེ་སྐྱིད་སྐྲུན་དགོས་ཞེས་བསྟན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཐེན་ཅིན་རྩེ་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སོ་སོས་བྱང་སྐར་ཕྱོགས་སྟོན་མ་ལག་སྤྱོད་པར་དགའ་བསུ་ཞུས་པ་ཡིན་ཞེས་བསྟན།
འཛུགས་སྐྲུན་ལེགས་གྲུབ་བྱུང་བ་ནས་ལས་རིགས་མང་པོར་ཞབས་འདེགས་ཞུ་བའི་བར། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། བྱང་སྐར་མ་ལག་འཛམ་གླིང་ཧྲིལ་བོ་ཅན་གྱི་འཕེལ་རྒྱས་དུས་རིམ་གསར་པར་སླེབས། 2023ལོར། རང་རྒྱལ་གྱིས་ཐེངས་གཉིས་ལ་འཕེན་གཏོང་བྱས་པ་བརྒྱུད། བྱང་སྐར་སྲུང་སྐར་གསུམ་བདེ་བླག་ངང་བར་སྣང་དུ་བསྐྱལ་བ་དང་། 2024ལོར། བྱང་སྐར་སྲུང་སྐར་ཨང59པ་དང60པ་བདེ་བླག་ངང་འཕེན་གཏོང་བྱས། གནས་གཏན་ཞིབ་ཚད་དེ་སྨི་རིམ་པ་ནས་ལི་སྨི་རིམ་པར་ཇེ་མཐོར་ཕྱིན་ནས། བྱང་སྐར་མ་ལག་གི་བློས་འགེལ་རང་བཞིན་སྔར་ལས་ཇེ་མཐོར་བཏང་བར་མ་ཟད། རབས་རྗེས་མའི་བྱང་སྐར་མ་ལག་གི་ལག་རྩལ་རིམ་སྤོར་ལ་འབྲེལ་ཡོད་ཀྱི་ཚོད་ལྟ་བྱས།
ལོ་ལྔའི་འཆར་འགོད་བཅུ་བཞི་བའི་རིང་། བྱང་སྐར་མ་ལག་ཁྱབ་གདལ་བེད་སྤྱོད་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་དམིགས་ནས། རྒྱལ་ཁབ་ཀྱིས་སྲིད་ཇུས་ཡིག་ཆ་རབ་དང་རིམ་པ་བཏོན་པ་དང་དེ་མང་ཚོགས་ཀྱི་འཛད་སྤྱོད་དང་བཟོ་ལས་བཟོ་སྐྲུན་སོགས་ཁྱབ་ཁོངས་མང་པོར་འབྲེལ་བ་ཡོད། ལོ་ལྔའི་ནང་། རྒྱལ་ཁབ་དང་ལས་རིགས་ཀྱི་ཚད་གཞི་བརྒྱ་ལས་བརྒལ་ནས། བྱང་སྐར་མ་ལག་དེ་ལག་རྩལ་ཞིབ་འཇུག་གསར་སྤེལ་ནས་གཞི་ཁྱོན་བཀོལ་སྤྱོད་གཞན་སྒྱུར་གྱི་མྱུར་བགྲོད་འཁོར་ལམ་ཐོག་བསྐྱོད་རྒྱུར་སྐུལ་འདེད་བཏང་།
ཐོན་ལས་ཅན་གྱི་འཕེལ་རྒྱས་མགྱོགས་པོའི་རྒྱབ་ལྗོངས་སུ། བྱང་སྐར་ཁོངས་གཏོགས་ཀྱིས་རང་བརྟེན་གསར་གཏོད་བྱས་པའི་ལྟེ་བའི་ལག་རྩལ་ཡོད། བྱང་སྐར་སྲུང་སྐར་གྱིས་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་རྡུལ་ཕྲན་དུས་ཚོད་ཐེག་ཡོད་ལ། ལོ་ས་ཡ་གསུམ་རེའི་ནང་ཧེ་བག་སྐར་ཆ་གཅིག་ལས་མེད། བྱང་སྐར་གྱི་ཆ་འཕྲིན་ཐུང་ངུ་གཏོང་ལེན་གྱི་མཐའ་སྣེ་གང་ཡིན་རུང་། ས་ངོས་འབྲེལ་མཐུད་ས་ཚིགས་མེད་པའི་གནས་ཚུལ་འོག་ཡིག་འབྲུ་སྟོང་གི་འཕྲིན་ཐུང་བསྐུར་ཐུབ་པ་དང་། འཛམ་གླིང་ཡོངས་སུ་བྱེད་ནུས་འདི་ལྡན་པའི་ཕྱོགས་སྟོན་མ་ལག་ནི་བྱང་སྐར་མ་གཏོགས་མེད།
བྱང་སྐར་མ་ལག་ཞིབ་བཟོ་བྱས་པའི་ཚུན་ལ། ལྟེ་བའི་འགག་རྩའི་ལག་རྩལ་ཁག160ལྷག་མཁྲེགས་གཏོར་བྱས་པ་དང་། རྒྱལ་ནང་ཐོན་སྐྱེད་ཞིབ་བཟོ་བྱས་པའི་ལྟེ་བའི་ཡོ་ཆས་ཀྱི་ལྷུ་ལག་རིགས500ལྷག་ཐོད་བརྒལ་བྱུང་སྟེ། མ་ལག་ཇུས་འགོད་ནས་ལྟེ་བའི་ལྷུ་ལག་བར་གྱི་ཕྱོགས་ཡོངས་ནས་རང་བརྟེན་གསར་གཏོད་མངོན་འགྱུར་བྱུང་པ་དང་། བྱང་སྐར་མ་ལག་གི་ལྟེ་བའི་ལྷུ་ལག་བརྒྱ་ཆ100རང་བརྟེན་ཚོད་འཛིན་ཐུབ་པ་འགན་སྲུང་བྱས་ཡོད།
མིག་སྔར། མཁའ་འགྲུལ་ཁྱབ་ཁོངས་སུ། བྱང་སྐར་འཕྲུལ་ཆས་མཐའ་སྣེ་ཁྱབ་ཚད95%ལ་སླེབས་པ་དང་། མི་མེད་གནམ་གྲུས་སྡེབ་སྐྱེལ་དང་གྲོང་ཁྱེར་བར་གྱི་སྐྱེལ་འདྲེན་སོགས་མཐོ་ཚད་དམའ་བའི་དཔལ་འབྱོར་གྱི་ལས་རྣམ་གསར་པར་རྒྱབ་སྐྱོར་བྱས། དེ་ལས་གཞན་བྱང་སྐར་ནི་རིག་ནུས་གྲུ་ཁ་དང་རིག་ནུས་གྲོང་ཁྱེར། རིག་ནུས་གློག་དྲ། རིག་ནུས་གྱོན་པ་དང་དེ་མིན་མཉམ་སྤྱོད་དཔལ་འབྱོར་སོགས་ཁྱབ་ཁོངས་མང་པོར་མཉམ་འདྲེས་གཏིང་ཟབ་བྱུང་སྟེ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་བསྩལ།
དབྱི་ཐ་ལིའི་ཏུའུ་ལིང་གི་ཨར་ལས་ཡུལ་དངོས་སུ། བྱང་སྐར་མ་ལག་སྒྲིག་འཛུགས་བྱེད་པའི་བཟོ་སྐྲུན་འཕྲུལ་ཆས་ཀྱིས་ཁ་ལོ་བར་ཐད་ཀར་དུ་མཐོང་བའི་ཁྲིད་སྟོན་བྱེད་ཀྱིན་ཡོད་ཟེར།
མ་འོངས་པར་ཁ་ཕྱོགས་ཏེ། བྱང་སྐར་མ་ལག་གིས་རྒྱང་རིང་གི་དམིགས་འབེན་གཏན་འཁེལ་གསལ་བོ་བྱས་ཡོད། 2035ལོའི་སྔོན་ལ། རང་རྒྱལ་གྱིས་བྱང་སྐར་མ་ལག་སྲོག་ཤིང་དང་རྨང་གཞི་ཡིན་པའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་གནས་གཏན་ཕྱོགས་སྟོན་དུས་ཚོད་མ་ལག་ཁྱོན་ཡོངས་ནས་བསྐྲུན་རྒྱུ་ཡིན་པ་དང་། དེའི་ནང་ཁང་པའི་ནང་ནས་ཕྱི་དང་མཚོ་གཏིང་ནས་བར་སྣང་བར་གྱི་ཁེབས་ཚད་སྔར་ལས་ཆེ་བ་དང་། སྔར་ལས་བདེ་འཇགས་ཡིན་པ། སྔར་ལས་བློས་འགེལ་ཆོག་པའི་མ་ལག་ཅིག་བསྐྲུན་རྒྱུ་རེད། །