རང་རྒྱལ་གྱིས་སྨན་བཅོས་འགན་བཅོལ་ཐེབས་རྩ་དུས་ཐོག་ཏུ་བསྡོམས་རྩིས་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ།

ཡོང་ཁུངས། ཤིན་ཧྭ་གསར་འགྱུར་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྨན་བཅོས་སྒྲིག་གཞིའི་མ་དངུལ་སྔོན་སྤྲོད་གནོན་ཤུགས་སྔར་བས་ཇེ་ཆུང་དུ་གཏོང་ཆེད། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས2025ལོའི་ལོ་མཇུག་སྔོན་དུ་རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ས་ཁུལ་ཚང་མར་སྨན་བཅོས་འགན་བཅོལ་ཐེབས་རྩ་དུས་ཐོག་ཏུ་བསྡོམས་རྩིས་བྱེད་དགོས་པ་གསལ་བོར་བསྟན་ཡོད། 

འདི་ནི་གསར་འགོད་པས་ཚེས16ཉིན་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ནས་ཤེས་རྟོགས་བྱུང་བ་རེད། 《སྨན་བཅོས་འགན་སྲུང་ཅུས་གཞུང་ལས་ཁང་གི་སྨན་བཅོས་འགན་བཅོལ་ཐེབས་རྩའི་དུས་ཐོག་བསྡོམས་རྩིས་བསྒྱུར་བཅོས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་བརྡ་ཐོ》ལྟར་ན། 2026ལོའི་ལོ་མཇུག་སྔོན་དུ་དུས་ཐོག་བསྡོམས་རྩིས་མ་དངུལ་གྱིས་ས་གནས་དེ་གའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཟླ་རེའི་བསྡོམས་རྩིས་མ་དངུལ་གྱི80%ཡན་ཟིན་རྒྱུ་རེད། བསྡོམས་རྩིས་མ་དངུལ་ནི་ལས་བཟོ་པའི་སྨན་བཅོས་འགན་བཅོལ་ཐེབས་རྩ(བུ་བཙའི་འགན་བཅོལ་ཚུད་ཡོད)དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ཐེབས་རྩར་ཁེབས་ཡོད་པས། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་ནད་གཞི་ཚབས་ཆེན་འགན་བཅོལ་མ་དངུལ་དང་སྨན་བཅོས་རོགས་སྐྱོབ་ཐེབས་རྩ་སོགས་དུས་ཐོག་བསྡོམས་རྩིས་ཁྱབ་ཁོངས་ནང་འཇུག་རྒྱུ་འཚོལ་ཞིབ་བྱས་ཆོག བསྡོམས་རྩིས་མ་དངུལ་ནི་སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་དང་། གཅོང་ནད་དང་དམིགས་བསལ་ནད་གཞིའི་སྒོ་བསྟེན་སྨན་ཁང་། སྨན་བཅོས་ཞག་སྡོད། བུ་ཙའ་དང་སྨན་ཁང་དུ་སྨན་ཉོ་བ་སོགས་སྨན་རྫས་ཀྱི་འགྲོ་གྲོན་ལ་ཁྱབ་ཡོད་པ་མ་ཟད། ས་ཆ་གཞན་དུ་སྨན་བཅོས་བྱེད་པའི་འགྲོ་གྲོན་དེ་དུས་ཐོག་བསྡོམས་རྩིས་ཁྱབ་ཁོངས་ནང་འཇུག་རྒྱུ་རིམ་བཞིན་འཚོལ་ཞིབ་བྱས་ཆོག 

བརྡ་ཐོའི་ནང་། 2026ལོའི་ལོ་མཇུག་སྔོན་དུ་དུས་ཐོག་བསྡོམས་རྩིས་གཏན་འཁེལ་བྱས་པའི་སྨན་བཅོས་སྒྲིག་གཞིས་ཟིན་པའི་བསྡུར་ཚད་ནི80%ཡན་ཟིན་རྒྱུ་རེད། རིམ་པ་གཉིས་པ་དང་དེ་ཡན་གྱི་གནས་ངེས་སྨན་བཅོས་ལས་ཁུངས་ཀྱིས་བསྡུ་དགོས་པ་ཚང་མ་བསྡུ་རྒྱུར་སྐུལ་འདེད་གཏོང་བ་དང་། རིམ་པ་དང་པོ་དང་རིམ་པ་གཏན་འཁེལ་བྱས་མེད་པའི་གནས་ངེས་སྨན་བཅོས་ལས་ཁུངས་དེ་དུས་ཐོག་བསྡོམས་རྩིས་ཀྱི་ཁྱབ་ཁོངས་སུ་འཇུག་རྒྱུར་སྐུལ་མ་གཏོང་དགོས། ཆ་རྐྱེན་དང་མཐུན་པའི་གནས་ངེས་སིལ་ཚོང་སྨན་རྫས་ཚོང་ཁང་དེ་རིམ་བཞིན་དུས་ཐོག་བསྡོམས་རྩིས་སྒྲིག་གཞིའི་ཁྱབ་ཁོངས་སུ་འཇུག་དགོས་པ་གསལ་བོར་བསྟན་ཡོད།

བརྡ་ཐོས། མ་དངུལ་གཏོང་སྤྲོད་ལམ་སྲོལ་ཚད་ལྡན་དུ་གཏོང་དགོས། ཞིང་ཆེན་རིམ་པའི་སྨན་བཅོས་འགན་བཅོལ་སྡེ་ཚན་ཁག་གིས་ས་ཁུལ་གྱི་གནས་ངེས་སྨན་རྫས་ལས་ཁུངས་ལ་སློབ་སྟོན་དང་གཅིག་གྱུར་འཆར་འགོད་བྱས་ཏེ། རྩ་དོན་ཐོག་ཟླ་བ་རྗེས་མའི་ཚེས10ཉིན་གྱི་སྔོན་དུ་སྨན་རྫས་འགྲོ་གྲོན་རེ་ཞུ་བྱེད་དགོས། ས་གནས་ཁག་གིས་དུས་ཐོག་བསྡོམས་རྩིས་ཀྱི་བརྒྱུད་རིམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་དེ་དུས་ཐོག་བསྡོམས་རྩིས་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ། བསྡོམས་རྩིས་དུས་ཡུན་ཇེ་ཐུང་དུ་གཏོང་བ་བཅས་བྱས་ཏེ། གནས་ངེས་སྨན་རྫས་སྒྲིག་གཞིར་རེ་ཞུ་བྱས་ནས་ཉིན་རྗེས་མ་ནས་བཟུང་བྱ་བའི་ཉིན20ལས་མི་བརྒལ་བར་བསྡོམས་རྩིས་མ་དངུལ་གཏོང་སྤྲོད་བྱས་ནས། ཟླ་བ་རྗེས་མའི་ཟླ་མཇུག་གོང་དུ་གཏོང་སྤྲོད་གང་ཐུབ་བྱ་དགོས། ས་གནས་ཁག་གིས་ལོ་དེའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་དང་སྔོན་ཆད་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྒོ་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས། དུས་ཐོག་ཏུ་བསྡོམས་རྩིས་བརྒྱབ་ནས་གཏོང་སྤྲོད་བྱེད་པའི་བསྡུར་ཚད་ལུགས་མཐུན་ངང་གཏན་འཁེལ་བྱས་ཆོག་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།