ཧན་ཀྲིན་གྱིས་ཧྥ་རན་སིའི་སྲིད་འཛིན་གྱི་ཕྱི་དོན་བློ་འདོན་པར་མཇལ་འཕྲད་གནང་།

ཡོང་ཁུངས། ཤིན་ཧྭ་གསར་འགྱུར་དྲ་བ།

ཟླ10པའི་ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ། ཧྥ་རན་སིའི་སྲིད་འཛིན་གྱི་ཕྱི་དོན་བློ་འདོན་པ་པོ་ནཱ་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་གྲུབ་པའི་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དེ་འགྲན་སློང་དྲག་པོར་འཕྲད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་མ་ཁོ་ལུང་གཉིས་ཀྱིས་ཟླ་ལྔ་བར་ཞལ་པར་བསྐྱོན་སྐབས་མགྲིན་གཅིག་ཏུ།  གནས་བབ་རྙོག་འཛིང་ཇི་འདྲ་ཆེ་ན། ཀྲུང་གོ་དང་ཧྥ་རན་སིས་དེ་བས་ཀྱང་མཉམ་ལས་ལ་ཤུགས་སྣོན་དགོས་ཚུལ་བསྟན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ལྟ་བ་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། རང་བཙན་རང་བདག་གི་སྲོལ་རྒྱུན་རྒྱུན་འཛིན་དང་ཕན་ཚུན་འགྲོ་འོང་དང་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། སྒོ་འབྱེད་ཀྱི་སྙིང་སྟོབས་གཞིར་བཟུང་ནས་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་རོགས་ལས་ལ་ཤུགས་བསྣན་ནས། ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཐད་ཐོག་མཐའ་བར་གསུམ་དུ་ཡར་ཐོན་གྱི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་ཆེད་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུའི་རེ་བ་བཅངས་ཡོད་ཅེས་གསུངས།

པོ་ནཱ་ཡིས་བསྟན་དོན། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོའི་གོ་གནས་དང་ནུས་པར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད། ཧྥ་རན་སི་དང་ཀྲུང་གོ་གཉིས་ཀས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་མཉམ་ལས་དང་ཕྱོགས་མང་མཐུན་སྦྱོར་ཇེ་ཟབ་ཏུ་བཏང་སྟེ། འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཡོ་རོབ་གླིང་དང་ཀྲུང་གོའི་བར་གྱི་གྲོས་མོལ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་བསྟན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།