ཞིང་ཆེན་སྲིད་གྲོས་ཀྱིས2025ལོའི་ཨུ་ཡོན་གྱིས་ལས་འགན་སྒྲུབ་པའི“དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ”ཞེས་པའི་བྱ་འགུལ་གྱི་བཀོད་སྒྲིག་ལྟར། ཟླ10པའི་ཚེས16ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་གྱི་སྣེ་ཁྲིད་དེ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་དང་ཞིང་ཆེན་བོད་སྨན་ཁང་དུ་སོང་ནས་འགན་འཁྲི་སྒྲུབ་པའི་བྱ་འགུལ་སྤེལ་བ་དང་། རང་ཞིང་གི་སྨན་བཅོས་ལས་ཁུངས་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་རྒྱ་བསྐྱེད་དང་དོ་སྙོམས་བཀོད་སྒྲིག་བྱེད་རྒྱུར་རོགས་རམ་བྱས་ནས། རང་ཞིང་གི་སྨན་བཅོས་འཕྲོད་བསྟེན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་བྱ་འགུལ་ལ་ཞུགས།
མགོན་པོ་བཀྲ་ཤིས་སོགས་ཐོག་མར་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་སུ་སོང་། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱིས་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོ་དེ་ཕྱིར་གཏོང་སྨན་ཁང་དང་། མཚོ་སྔོན་ཞིང་ཆེན་གྱི་མི་དམངས་སྨན་ཁང་དེ་རང་ཞིང་གི་གཞི་བརྟེན་སྨན་ཁང་དུ་བརྩིས་ཏེ། སྙིང་དང་ཀླད་པའི་ཁྲག་རྩའི་ནད་རིགས་གཙོ་གནད་དུ་བྱེད་པ་དང་འབྲེལ་ཡོད་རིག་ཚན་རམ་འདེགས་སུ་བྱེད་བཞིན་ཡོད། ལས་གཞི་དེ2023ལོའི་ཟླ9པར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། ཟླ11པར་ལས་གཉེར་བྱ་རྩིས་ཡོད། ཨུ་ཡོན་རྣམས་སྒོ་བསྟེན་ཚོམས་ཆེན་དང་དོས་དྲག་མྱུར་སྐྱོབ་ཁང་། CTབརྟག་དཔྱད་ཁང་། ཞག་སྡོད་ཐོག་ཁང་བཅས་སུ་སོང་ནས་སྤྱིའི་ནད་བརྟག་ཁོར་ཡུག་དང་མྱུར་སྐྱོབ་རྟེན་གཞི་འཛུགས་སྐྲུན། དེ་མིན་སྨན་བཅོས་སྒྲིག་ཆས་ཆེན་པོ་བཅས་ཀྱི་བཀོད་སྒྲིག་གནས་ཚུལ་ལ་རྒྱུས་ལོན་བྱས། འབྲེལ་ཡོད་བྱ་བའི་མཚམས་སྦྱོར་ལ་ཉན་རྗེས། མགོན་པོ་བཀྲ་ཤིས་ཀྱིས་ས་ཁོངས་སྨན་བཅོས་ལྟེ་གནས་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་པའི་དམངས་ཚིས་བཟོ་སྐྲུན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་སྐྱོབ་བཅོས་ཀྱི་ཆུ་ཚད་སྔར་ལས་ཆེ་རུ་འགྲོ་རྒྱུར་ཁྱབ་འགྱེད་སྐུལ་ཁྲིད་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་ཐག་ཉེ་ས་ནས་སྤུས་ལེགས་ནུས་མཐོའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སུ་སྤྱོད་དུ་འཇུག་རྒྱུ་རེད། ལས་གཞི་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་དུས་ལྟར་བྱ་བ་ཡོངས་འགྲུབ་བྱས་ནས་སྨན་བཅོས་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།
ཞིང་ཆེན་བོད་སྨན་ཁང་དུ་མགོན་པོ་བཀྲ་ཤིས་སོགས་འབྲེལ་ཡོད་ཚན་ཁག་ཏུ་བསྐྱོད་དེ། བོད་སྨན་གྱི་སྡེབ་སྦྱོར་དང་ཁམས་གསོའི་ཕྱི་བཅོས་ཉམས་ལེན་ལས་གཞི། སྨན་ལུམས་ཀྱི་ཁྱད་ལྡན་ཚན་ཁག་འཛུགས་སྐྱོང་། བོད་སྨན་གྱི་ཕྱི་བཅོས་ཁྱད་ལྡན་གསོ་བཅོས་སོགས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་ལེགས་ཅན་ཀླུ་རྒྱལ་དང་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་སྐབས་བཅུ་པའི་སྲིད་གྲོས་ཨུ་ཡོན་ཡང་སངས་རྒྱལ། སྨན་བཅོས་བྱེད་པའི་ནད་པ་བཅས་ལ་འཚམས་འདྲི་བྱས། མགོན་པོ་བཀྲ་ཤིས་ཀྱིས་བོད་ལུགས་གསོ་རིག་ནི་རང་རྒྱལ་གྱི་སྲོལ་རྒྱུན་སྨན་བཅོས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། མཐོ་སྒང་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱ་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། བོད་ལུགས་གསོ་རིག་གི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། ཞིང་ཆེན་ཕྱི་དང་ཐ་ན་ཕྱི་རྒྱལ་གྱི་ནད་པ་མང་པོ་བཀུག་ནས་ཆེད་དུ་བོད་སྨན་གྱི་ཁྱད་ཆོས་ལྡན་པའི་སྨན་བཅོས་ཉམས་ལེན་བྱེད་ཀྱིན་ཡོད། བོད་ལུགས་གསོ་རིག་གི་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྨན་བཅོས་ཀྱི་ཞབས་ཞུའི་ནུས་པ་དང་ཁྱད་ཆོས་མཐོ་རུ་གཏོང་བའི་ཐད་འབད་བརྩོན་བྱས་ནས་ཁྱད་ཆོས་དང་ཁྱད་སྟོབས་ཆེ་རུ་གཏོང་བ་དང་། སྦྲེལ་དྲར་བརྟེན་ནས་རྒྱ་ཆེའི་མང་ཚོགས་སྔར་ལས་མང་པོར་ཞབས་འདེགས་ཞུས་ཏེ། བོད་ལུགས་གསོ་རིག་མཐོ་སྒང་ནས་ཕྱིར་བསྐྱོད་དེ་འཛམ་གླིང་ལ་ཕྱོགས་པ་དང་། མཚོ་སྔོན་འཛུགས་སྐྲུན་བྱེད་པར་བོད་ལུགས་གསོ་རིག་གི་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་ཞེས་བསྟན།