ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་གྲོས་གཞིར་གཙོ་གནད་སྒྲུབ་སྐུལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས13ཉིན་ནས་ཚེས14ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལྟ་སྐུལ་ཚན་ཆུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། ཞེ་ཁང་ཡུང་སོགས་འཐུས་མིས་བཏོན་པའི《མཚོ་སྔོན་ཞིང་ཆེན་གྱི་རྣམ་པ་གསར་པའི་གསོག་ནུས་རིན་གོང་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འདོན་པའི་སྐོར་གྱི་བསམ་འཆར》དོན་འཁྱོལ་བྱས་པའི་གནས་ཚུལ་ཐད་ནས་གཙོ་གནད་སྒྲུབ་སྒུལ་བྱས།

སྒྲུབ་སྐུལ་ཚན་ཆུང་སྔ་རྗེས་སུ་རྒྱལ་ཁབ་ནུས་ཁུངས་ཆིན་ཡུས་ཐད་རྒྱུགས་འོད་དྲོད་གློག་འདོན་ས་ཚིགས་དང་ཧྭ་ནུན་མཚོ་སྔོན་ཀུང་སིའི་ཧྭ་ཁྲུའུ་གསོག་ནུས་གློག་འདོན་ས་ཚིགས། ཝ་རིང་ཆུ་འདོན་གསོག་ནུས་གློག་འདོན་ས་ཚིགས་སོགས་སུ་སོང་སྟེ་ཡུལ་དངོས་ནས་དག་གཙང་ནུས་ཁུངས་དང་རྣམ་པ་གསར་པའི་གསོག་ནུས་རྣམ་གྲངས་འཛུགས་སྐྲུན་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། གནས་ཚུལ་སྙན་ཞུར་གསན་པ་དང་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས།

སྒྲུབ་སྐུལ་ཚན་ཆུང་གིས་བསྟན་དོན། དམངས་ཆེན་འཐུས་མིས་དཀྱིལ་སྙིང་ལ་དམིགས་པ་དང་། སྤྱི་ཚོགས་ཀྱི་དོ་ཁུར་དང་དམངས་འཚོའི་དོ་ཁུར་ལ་དམིགས་ནས་བསམ་འཆར་དང་གྲོས་གཞི་བཏོན་པ་ལས། ཚད་མཐོ་བའི་འགན་འཁྲིའི་འདུ་ཤེས་དང་ཁག་ཁུར་འདུ་ཤེས་ལེགས་པར་མཚོན་ཡོད། འགན་སྒྲུབ་ལས་ཁུངས་སོ་སོས་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། དུས་རབས་ཀྱི་བླང་བྱ་དང་འཕེལ་རྒྱས་ཀྱི་དགོས་མཁོ། མི་དམངས་ཀྱི་རེ་སྨོན་ལ་དམིགས་ཏེ། ཚད་མཐོ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་དགོས། རྣམ་པ་གསར་པའི་གསོག་ནུས་ཐོན་ལས་ཀྱི་ཚོད་རྩིས་རིན་གོང་ལེགས་པོར་བསྒྲུབ་པ་དང་། ཆབ་སྲིད་དང་དཔལ་འབྱོར་ཕན་འབྲས། ཁོར་ཡུག་སྲུང་སྐྱོབ། མི་དམངས་བདེ་སྐྱིད་སྟོན་གྲངས་བཅས་ཀྱི་བྱ་བ་སོ་སོ་ལེགས་པོར་བསྒྲུབ་ནས། རྣམ་པ་གསར་པའི་གསོག་ནུས་ཐོན་ལས་བདེ་ཐང་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་དགོས། ནུས་ཁུངས་གསར་པའི་དྲ་སྦྲེལ་གློག་རིན་ཁྲོན་ར་ཅན་གྱི་བཅོས་སྒྱུར་ལ་བསྟུན་པ་དང་། དག་གཙང་ནུས་ཁུངས་གློག་རིན་སྙོམས་སྒྲིག་གི་གནད་འགག་གནད་དོན་ལེགས་པོར་སེལ་ནས་ལུགས་མཐུན་གྱི་ཁེ་ཕན་བགོ་བཤའ་རྐྱེན་སྲོལ་འཛུགས་དགོས། རྟོག་ཞིབ་གཏིང་ཟབ་བྱེད་པ་དང་། འབྲེལ་འདྲིས་ལ་ཤུགས་སྣོན་པ། འཐུས་མིའི་གྲོས་གཞི་སྒྲུབ་པའི་མྱུར་ཚད་ལ་སྐུལ་འདེད་གཏོང་བ། སེམས་ཤུགས་གཅིག་སྒྲིལ་དང་དམིགས་འབེན་གཅིག་གྱུར་ལ་བརྟེན་ནས་རྣམ་པ་གསར་པའི་གསོག་ནུས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་སྟོབས་ལྡན་འདེགས་སྐྱོར་འདོན་སྤྲོད་དང་རྒྱུན་མཐུད་ཐུབ་པའི་ལྗང་མདོག་གི་སྒུལ་ནུས་གསར་པ་སྣོན་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།