མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་བོད་ལྗོངས་སུ་སློབ་སྦྱོང་དང་རྟོག་ཞིབ་ཏུ་བསྐྱོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས14ཉིན་ནས་ཚེས16ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་ལྗོངས་སུ་སློབ་སྦྱོང་དང་རྟོག་ཞིབ་ཏུ་བསྐྱོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། བོད་ལྗོངས་བཅོས་སྒྱུར་འཕེལ་རྒྱས་ཀྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད་པ་དང་། ལག་གདང་སྦྲེལ་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཀྲིན་དང་། རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལུའོ་ཏུང་ཁྲོན་ལ་ཐུག་འཕྲད་བྱས། རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ཡན་ཅིན་ཧེ་ཐུག་འཕྲད་ལ་ཞུགས།

ཝང་ཅུན་ཀྲིན་གྱིས་རང་སྐྱོང་ལྗོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་བོད་ལྗོངས་སུ་ཡོང་བར་དགའ་བསུ་ཞུས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་པོར་བོད་ལྗོངས་ཀྱི་བྱ་བར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། བོད་ལྗོངས་དང་མཚོ་སྔོན་ནི་རི་ཆུ་གཅིག་ཏུ་འབྲེལ་བ་དང་། མི་གཞུང་རིག་གནས་གཅིག་ཏུ་འདྲེས་ལ། ཁྱིམ་ཚང་གཅིག་ལྟར་བརྩེ།    རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ། ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་འཁྲི་དང་ལས་འགན་མཉམ་དུ་ཁུར་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་པའི་བྱ་བ་མཉམ་དུ་ལེགས་པོར་སྒྲུབ་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། ཆོས་ལུགས་ལས་དོན་གྱི་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་སྣོན་པའི་བླང་བྱ་གཞིར་བཟུང་ནས། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཕན་ཚུན་འཚམ་མཐུན་ཡོང་བར་ཧུར་ཐག་གིས་སྣེ་ཁྲིད་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ས་གནས་གཉིས་ཀྱི་མི་དམངས་བར་སེམས་པ་གཅིག་འབྲེལ་དང་བརྩེ་སེམས་མཉམ་འདྲེས་ཡོང་བར་བྱེད་དགོས། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ།  མདོ་དབུས་མཐོ་སྒང་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་བསྐྲུན་དགོས།  ཕྱོགས་ཡོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་བཟང་ཆ་དང་ལེན་དང་ཞན་ཆ་གསབ་པ།   ཁྱད་སྟོབས་གསབ་རེས་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་བཅས་ཀྱི་ཚབ་བྱས་ཏེ་བོད་རང་སྐྱོང་ལྗོངས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། བོད་རང་སྐྱོང་ལྗོངས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་བརྩི་འཇོག་ཆེན་པོ་བྱས། ཁོས་བཤད་རྒྱུར། མཚོ་སྔོན་དང་བོད་ལྗོངས་བར་གྱི་མཛའ་བརྩེའི་ལོ་རྒྱུས་རིང་ལ་བརྗེ་རེས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བར་རྟེན་འབྲེལ་བྱེད་སྒོར་ཞུགས་པའི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་བཏང་བའི་ཉམས་མྱོང་བཟང་པོ་དང་།   བྱེད་ཐབས་བཟང་པོ། སྤྱོད་ཚུལ་བཟང་པོ་བཅས་ལ་སློབ་སྦྱོང་དང་དེ་དཔྱད་གཞིར་འཛིན་པ་དང་།    ཧུར་ཐག་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་བཟོ་སྐྲུན་འཛུགས་སྐྲུན་གལ་ཆེན་ཁྲོད་འདྲེས་པར་བྱས་ཏེ།   སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ།    སྐྱེ་ཁམས་ཁོར་ཡུག་མཐུན་སྦྱོར་བཅོས་སྐྱོང་། ནུས་ཁུངས་གཙང་མའི་ཐོན་ལས།    ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས། འགྲིམ་འགྲུལ་སྐྱེལ་འདྲེན་མཉམ་སྦྲེལ་མཉམ་མཐུད། ཐོན་ལས་མཉམ་ལས་དང་ཁྱད་སྟོབས་གསབ་རེས་བྱེད་པ། མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་ཐད་ཤུགས་སྣོན་པ། སྔར་ལས་ལྷག་པའི་སྒོ་ནས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་དགོས།

ཀརྨ་ཚེ་བརྟན་གྱིས་བཤད་རྒྱུར།  དུས་རབས་གསར་པར་སླེབས་རྗེས།    བོད་ལྗོངས་དང་མཚོ་སྔོན་ས་ཁུལ་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།    ལྷག་བསམ་རྣམ་དག་གིས་མཐུན་སྒྲིལ་དང་གཉིས་ཕན་མཉམ་ལས་བྱས་ཏེ། ཆུ་ཚད་མཐོ་ཞིང་ཕྱོགས་ཡོངས་ནས་མཉམ་ལས་བྱེད་པའི་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད། ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་མཉམ་ལས་ཀྱི་བར་སྟོང་གསར་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་བོད་ལྗོངས་དང་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།

སློབ་སྦྱོང་དང་རྟོག་ཞིབ་བྱེད་སྐབས། རང་ཞིང་གི་འཐུས་ཚབ་ཚོགས་པ་མཚོ་བོད་ལྕགས་ལམ་ཟོང་འགྲེམས་ལྟེ་གནས་ལྷ་སའི་འབབ་ཚིགས་ནུབ་མའི་ལས་སྒྲུབ་ཁང་དང་། ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་བར་སྐོར་སྲང་ལམ་དང་སྨན་གླིང་ཆུ་གློག་ས་ཚིགས་ཀྱི་ཆུ་རགས། ཉིང་ཁྲིའི་གྲོང་ཁྱེར་འཆར་འགོད་ཁང་སོགས་ཡུལ་དངོས་སུ་སོང་ནས་རྟོག་ཞིབ་བྱས་པ་དང་།    ཀྲུང་གོ་ཡར་ཀླུང་གཙང་པོའི་སྡེ་ཚོགས་སུ་འཚམས་འདྲི་བྱས་པ་མ་ཟད་བཞུགས་མོལ་བྱས།

བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསྟན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཅིན་ཀང་། ཀྲུང་གོ་ཡར་ཀླུང་གཙང་པོའི་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཡུས་པེན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།