ཉེ་ཆར། 2025ལོའི་མཚོ་སྔོན་ཞིང་ཆེན་ན་གཞོན་བྱ་སྒྲོའི་སྤོ་ལོའི་གཟེངས་རྟགས་འགྲན་སྡུར་ཛ་དྲག་ངང་འགྲན་རྩོད་བྱས་རྗེས་བདེ་བླག་ངང་མཇུག་སྒྲིལ། ཐེངས་འདིའི་འགྲན་བསྡུར་ལ་ན་གཞོན་ཚོ་ཆུང་དང་ལོ་ཉུང་ཚོ་ཆུང་། བྱིས་པའི་ཚོ་ཆུང་བཅས་ལོའི་ཆེ་ཆུང་ལྟར་ཚོ་ཆུང་གསུམ་དང་རྣམ་གྲངས་བཅུ་གཉིས་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ན་གཞོན་བྱ་སྒྲོའི་སྤོ་ལོར་དགའ་མཁན་རྣམས་ཕྱོགས་གཅིག་ཏུ་འདུས་ཏེ་འགྲན་ར་གཅིག་ནས་འགྲན་བསྡུར་བྱེད་བཅུག་ཡོད། ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུའུ་ཡི་འཐུས་ཚབ་རུ་ཁག་གིས་ཕུལ་དུ་བྱུང་བའི་རྩལ་འགྲན་ནུས་པ་ལ་བརྟེན་ནས། གསེར་གྱི་རྟགས་མ་གཉིས་དང་དངུལ་གྱི་རྟགས་མ་གསུམ། ཟངས་ཀྱི་རྟགས་མ་གཉིས་བླངས་ཏེ་རྩལ་འགྲན་གྱི་སྟོབས་ཤུགས་དང་འབད་བརྩོན་གྱི་སྙིང་སྟོབས་མངོན།
ན་གཞོན་ཚོ་ཆུང་གི་འགྲན་རའི་སྟེང་། འགྲན་ཞུགས་པ་ཅང་ལི་རན་གྱིས་སྐྱེས་པའི་རྐྱང་འགྲན་ཁྲོད་འགག་སྒོ་རེ་རེ་བརྒལ་ནས་ཨང་མཐོན་པོ་བླངས། འགྲན་ཞུགས་པ་ཏུང་ཙེ་ཀྲིན་དང་མཱ་ཀྲིན་གཉིས་ཀྱིས་སྐྱེས་པའི་ཟུང་འགྲན་ཁྲོད་ཕུལ་བྱུང་གི་གཞོགས་འདེགས་ལ་བརྟེན་ནས་གསེར་གྱི་རྟགས་མ་བླངས། དེར་མ་ཟད། འགྲན་ཞུགས་པ་ཁྲིན་ཡོན་ཞིས་དང་ཧྭའེ་དབྱི་ཞོན་བཅས་ཀྱི་རུ་ཁག་གིས་ན་གཞོན་སྐྱེས་མའི་རྐྱང་འགྲན་དང་སྐྱེས་མའི་ཟུང་འགྲན་ཁྲོད་དངུལ་གྱི་རྟགས་མ་བླངས། ཅང་ལི་རན་དང་ཏུང་ཙི་ཀྲེང་། ཧྭའེ་དབྱི་ཧྥེ། ཁྲིན་ཡོན་ཞིས་བཅས་ཀྱིས་གྲུབ་པའི་ན་གཞོན་ཚོ་ཆུང་ཐུན་མོང་གིས་ཀྱང་ཕུལ་བྱུང་གི་ནུས་པ་ལ་བརྟེན་ནས་ཟངས་ཀྱི་རྟགས་མ་བླངས།
ཐེངས་འདིར་ཕུལ་བྱུང་གི་གྲུབ་འབྲས་བླངས་པ་དེས། ཟི་ལིང་གྲོང་ཁྱེར་ན་གཞོན་བྱ་སྒྲོ་སྤོ་ལོའི་སྦྱོང་བརྡར་གྱི་གྲུབ་འབྲས་མངོན་ཡོད་ལ། ཟི་ལིང་གྲོང་ཁྱེར་བྱ་སྒྲོའི་སྤོ་ལོའི་ལུས་རྩལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་བསྣན་ཡོད། མ་འོངས་པར། ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུའུ་ཡིས་ན་གཞོན་ལུས་རྩལ་འཇོན་མི་གསོ་སྐྱོང་བྱེད་པར་མུ་མཐུད་དུ་ཤུགས་བསྣན་ཏེ། ལོ་ཆུང་ལུས་རྩལ་པ་མང་བོས་དེ་ལས་མཐོ་བའི་གར་སྟེགས་སྟེང་རང་ཉིད་ཀྱི་བཀྲག་མདངས་མངོན་པར་གཞོགས་འདེགས་བྱེད་རྒྱུ་རེད།