《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་འཛམ་གླིང་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་བདེ་འཇགས་གྲོས་འགོ། འཛམ་གླིང་དཔལ་ཡོན་གྲོས་འགོ། འཛམ་གླིང་བཅོས་སྐྱོང་གྲོས་འགོ་བཅས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་པ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལདུས་དེབ་འདོན་ཐེངས་ཉི་ཤུ་པའི་སྟེང་དུ།    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།   ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེའཛམ་གླིང་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་བདེ་འཇགས་གྲོས་འགོ།  འཛམ་གླིང་དཔལ་ཡོན་གྲོས་འགོ།  འཛམ་གླིང་བཅོས་སྐྱོང་གྲོས་འགོ་བཅས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོསཞེས་པ་སྤེལ།  དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2021ལོའི་ཟླ9པ་ནས2025ལོའི་ཟླ9པའི་བར་གྱི་འབྲེལ་ཡོད་རྒྱས་བཤད་གལ་ཆེན་གནད་བཏུས་བྱས་པ་རེད།

རྩོམ་ཡིག་ནང་།   མིག་སྔའི་འཛམ་གླིང་དུ་ཞི་བདེའི་མཚལ་ཡིག་དང་འཕེལ་རྒྱས་མཚལ་ཡིག  བདེ་འཇགས་མཚལ་ཡིག   བཅོས་སྐྱོང་མཚལ་ཡིག་བཅས་ཆག་མེད་དུ་འཕེལ་ཡོད།   མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དང་།  འཛམ་གླིང་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་བདེ་འཇགས་གྲོས་འགོ།  འཛམ་གླིང་དཔལ་ཡོན་གྲོས་འགོ་སོགས་བཏོན་པ་ནི་གོང་གི་མཚལ་ཡིག་དག་ཐག་གཅོད་པ་དང་སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་པའི་ཆེད་དུ་ཡིན་ཞེས་ནན་གྱིས་བསྟན།

རྩོམ་ཡིག་ནང་།    འཕེལ་རྒྱས་ནི་མི་དམངས་ཀྱི་བདེ་སྐྱིད་མངོན་འགྱུར་བྱེད་པའི་གནད་འགག་ཡིན།    ང་ཚོས་ཀུན་ཕན་བཟོད་སྒོམ་གྱི་དཔལ་འབྱོར་འཛམ་གླིང་ཅན་དར་སྤེལ་གཏོང་བ་དང་།    སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།   འཛམ་གླིང་འཕེལ་རྒྱས་གྲོས་འགོ་ལག་བསྟར་བཅས་བྱེད་པའི་དམིགས་ཡུལ་ནི་འཕར་སྣོན་གོ་སྐབས་ཀྱི་ཁེ་ཕན་མངོན་འགྱུར་བྱེད་པ་དང་འཕེལ་རྒྱས་བགྲོད་ལམ་གྱི་བཟོད་སྒོམ་ལ་སྐུལ་འདེད་བཏང་ནས།    རྒྱལ་ཁབ་སོ་སོའི་མི་དམངས་ལ་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་པ་དང་།  སའི་གོ་ལའི་སྟེང་གི་རྒྱལ་ཁབ་སོ་སོས་འཕེལ་རྒྱས་དར་རྒྱས་ལ་མཉམ་དུ་འཆར་འགོད་བྱེད་པ།    མཉམ་རྒྱལ་གྱི་འདུ་ཤེས་དེ་ཐུན་མོང་གི་ངོས་འཛིན་དུ་འགྱུར་བར་བྱེད་རྒྱུ་དེ་ཡིན་པས།   འཕེལ་རྒྱས་དམིགས་བསལ་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་མི་དམངས་གཙོར་འཛིན་རྒྱུ་རྒྱུན་འཁྱོངས།     ཀུན་ཕན་བཟོད་སྒོམ་རྒྱུན་འཁྱོངས།    གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས།    མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་རྒྱུ་རྒྱུན་འཁྱོངས།   འགུལ་སྐྱོད་ཁྲིད་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ནས་འཛམ་གླིང་གི་འཕེལ་རྒྱས་དེ་དོ་མཉམ་དང་མཐུན་སྦྱོར། བཟོད་སྒོམ་གྱི་དུས་རིམ་གསར་པར་བསྐྱོད་པར་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

རྩོམ་ཡིག་ནང་།   བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་ལ།  མིའི་རིགས་ནི་ཁ་འབྲལ་ཐབས་མེད་པའི་བདེ་འཇགས་ཀྱི་ཐུན་མོང་ཚོགས་པ་ཡིན།   རྒྱལ་ཁབ་དང་རྒྱལ་ཁབ་ཕན་ཚུན་བརྟེན་རེས་བྱེད་པའི་དེང་གི་དུས་འདིར་རང་སྟེང་གི་བདེ་འཇགས་ཁོ་ན་འཚོལ་སྙེག་བྱེད་པ་དང་བདེ་འཇགས་སྒེར་སྤྱོད་བྱེད་པ་ནི་ལུགས་དང་མཐུན་པ་ཞིག་མིན།   འཛམ་གླིང་བདེ་འཇགས་གྲོས་འགོ་ནི་མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།  མཉམ་ལས་ལ་བརྟེན་ནས་བདེ་འཇགས་ལ་སྐུལ་འདེད་བཏང་སྟེ་སྔར་ལས་དོ་མཉམ་དང་ནུས་ཡོད།   རྒྱུན་སྲིང་བཅས་ཀྱི་བདེ་འཇགས་སྒྲོམ་གཞི་འཛུགས་རྒྱུ་དེ་ཡིན་པས།   ཐུན་མོང་དང་ཕྱོགས་བསྡུས།  མཉམ་ལས།   རྒྱུན་སྲིང་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་།    རྒྱལ་ཁབ་སོ་སོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ།    མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཁྲིམས་ཀྱི་དམིགས་གཞི་དང་རྩ་དོན་བརྩི་སྲུང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ།   རྒྱལ་ཁབ་སོ་སོའི་ལུགས་མཐུན་གྱི་བདེ་འཇགས་དོ་ཁུར་ལ་མཐོང་ཆེན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ།    གྲོས་མོལ་བརྒྱུད་དེ་ཞི་བདེའི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་བར་གྱི་འགལ་བ་དང་རྩོད་གཞི་ཐག་གཅོད་རྒྱུ་རྒྱུན་འཁྱོངས་བྱེད་པ།   སྲོལ་རྒྱུན་ཁྱབ་ཁོངས་དང་སྲོལ་རྒྱུན་མ་ཡིན་པའི་ཁྱབ་ཁོངས་ཀྱི་བདེ་འཇགས་གཅིག་གྱུར་གྱིས་སྲུང་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས་ཞེས་བསྟན།

རྩོམ་ཡིག་ནང་།     དཔལ་ཡོན་སྣ་མང་ནི་འཛམ་གླིང་གི་ངོ་བོ་ཡིན།  རྒྱལ་ཁབ་སོ་སོའི་མདུན་ལམ་དང་ལས་དབང་དམ་དུ་འབྲེལ་བའི་དེང་གི་དུས་འདིར།    དཔལ་ཡོན་མི་འདྲ་བ་བཟོད་སྒོམ་མཉམ་གནས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དེར་མིའི་རིགས་སྤྱི་ཚོགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་།   འཛམ་གླིང་གི་དཔལ་ཡོན་སྣ་མང་དར་རྒྱས་གཏོང་བའི་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་བྱེད་ནུས་ལྡན།   འཛམ་གླིང་དཔལ་ཡོན་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཕན་ཚུན་ཤེས་རྟོགས་དང་ཕན་ཚུན་མཛའ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་།   དཔལ་ཡོན་སྣ་མང་ཕན་ཚུན་བཟོད་སྒོམ་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པས།    འཛམ་གླིང་གི་དཔལ་ཡོན་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པ་དང་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ།  དཔལ་ཡོན་རྒྱུན་འཛིན་དང་གསར་གཏོད་ལ་མཐོང་ཆེན་བྱེད་པ།   རྒྱལ་སྤྱིའི་མི་གཞུང་རིག་གནས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་བཅས་མཉམ་དུ་དར་སྤེལ་བཏང་ནས་།   འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་གཞུང་རིག་གནས་བརྗེ་རེས་དང་རིག་གནས་མཉམ་བསྲེས།   དམངས་སེམས་མཉམ་འདྲེས་བཅས་ཀྱི་རྣམ་པ་གསར་པ་འབད་པས་བཏོད་དེ་འཛམ་གླིང་གི་དཔལ་ཡོན་སྣ་མང་མཉམ་དུ་དར་སྤེལ་དང་སྐྱེ་སྟོབས་ལྡན་པར་བྱེད་དགོས་ཞེས་བསྟན།

རྩོམ་ཡིག་ནང་།  ད་ལོ་ནི་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱས་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་བརྒྱད་ཅུ་འཁོར་བའི་ལོ་ཡིན་ལ།   ལོ་རྒྱུས་ཡིད་ལ་བརྟན་པོར་འཛིན་པ་དང་མ་འོངས་མཉམ་དུ་གཏོད་པའི་གནད་འགག་གི་དུས་སྐབས་ཀྱང་ཡིན།   ལོ་ངོ་བརྒྱད་ཅུའི་སྔོན་ལ།   འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་ཀྱི་གནོད་འཚེ་ཆེན་པོས་རྒྱལ་སྤྱིའི་སྤྱི་ཚོགས་སྡུག་ལ་སྦྱར་བ་དང་།   མཉམ་འབྲེལ་རྒྱལ་ཚོགས་ཀྱང་དེ་དང་བསྟུན་ནས་བྱུང་སྟེ།   འཛམ་གླིང་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད།   ལོ་ངོ་བརྒྱད་ཅུའི་རྗེས་སུ།    ཞི་བདེ་དང་འཕེལ་རྒྱས།  མཉམ་ལས།   མཉམ་རྒྱལ་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་ལ་འགྱུར་བ་བྱུང་མེད་ནའང་འཇམ་འཐབ་ཀྱི་བསམ་གཞིགས་དང་བཙན་དབང་རིང་ལུགས།    སྲུང་སྐྱོབ་རིང་ལུགས་བཅས་ཀྱི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་སྔར་བཞིན་གནས་ཡོད་པ་དང་།    འཇིགས་སྐུལ་གསར་པ་དང་འགྲན་སློང་གསར་པ་ཇེ་མང་དུ་འགྲོ་བཞིན་ཡོད་ལ།   འཛམ་གླིང་གཡོ་འགུལ་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་ཤིང་།   འཛམ་གླིང་བཅོས་སྐྱོང་བྱེད་པ་དེ་བཞི་མདོ་གསར་པར་སླེབས་ཡོད།    ལོ་རྒྱུས་ཀྱིས་ང་ཚོར་དཀའ་ངལ་ཇི་ལྟར་ཆེ་ན་ཞི་བདེ་མཉམ་གནས་ཀྱི་ཐོག་མའི་སེམས་འདུན་དེ་ལས་ཀྱང་རྒྱུན་འཁྱོངས་བྱེད་དགོས་པ་དང་།    མཉམ་ལས་མཉམ་རྒྱལ་གྱི་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ།    ལོ་རྒྱུས་མདུན་སྐྱོད་ཀྱི་གཏན་ཚིགས་ཁྲོད་མདུན་དུ་བསྐྱོད་པ་དང་།   དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་འཕེལ་རྒྱས་གཏོང་དགོས་པ་ར་སྤྲོད་བྱས་ཡོད།   དེ་བས།   ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་བཅོས་སྐྱོང་གྲོས་འགོ་བཏོན་ནས་རྒྱལ་ཁབ་སོ་སོ་དང་མཉམ་དུ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་བཏང་སྟེ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་ཕྱོགས་སུ་མཉམ་དུ་བསྐྱོད་ངེས་ཡིན།   གཅིག་ནི་བདག་དབང་འདྲ་མཉམ་ལག་བསྟར་བྱེད་དགོས།  གཉིས་ནི་རྒྱལ་སྤྱིའི་ཁྲིམས་སྐྱོང་བརྩི་སྲུང་བྱེད་དགོས།  གསུམ་ནི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་དགོས།   བཞི་ནི་མི་དམངས་གཙོར་འཛིན་རྒྱུ་དར་སྤེལ་གཏོང་དགོས།   ལྔ་ནི་འགུལ་སྐྱོད་ཁྲིད་ཕྱོགས་ལ་བརྩི་མཐོང་བྱེད་དགོས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།