ཝུའུ་ཞའོ་ཅུན་གྱིས་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་བྱེད་དུས་སྐྱེ་ཁམས་སྔོན་སྤེལ་གྱི་འཕེལ་རྒྱས་ལམ་བུར་བློ་བརྟན་འགྱུར་མེད་ཀྱིས་སྐྱོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་མངོན་དུ་འགྱུར་བར་འབད་འབུངས་བྱེད་དགོས་ཞེས་བསྟན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

   ཟླ10ཚེས14ཉིན་ནས་ཚེས15ཉིན་བར་དུ།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཀྱི་ཀྲུའུ་རེན་ཝུའུ་ཞའོ་ཅུན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་དང་། མང་རྫོང་།  འབའ་རྫོང་།  བྲག་དཀར་རྫོང་བཅས་སུ་བསྐྱོད་དེ་རྟོག་ཞིབ་གནང་།  ཁོས་འདི་སྐད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐའ་འཁྱོལ་བྱས་ཏེ།   སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་ཀྱི་ལས་འགན་མཐའ་གཅིག་ཏུ་ཁུར་ཏུ་འཁྱེར་དགོས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ་སྙིང་ཐིག་ཏུ་བཟུང་སྟེ།   སྐྱེ་ཁམས་སྔོན་སྤེལ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དེ་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་མངོན་འགྱུར་ལ་འབད་འབུངས་བྱ་དགོས་ཞེས་ནན་གྱིས་བསྟན།

   རྐང་འཐུང་ཚོགས་ཀྱིས་མགོ་ལྕོག་ལྡེམ་ཞིང་དྭངས་གཙང་མེ་ལོང་འདྲ་བའི་ཆུ་མོར་དུས་བྱ་དུས་སུ་བབས་བྱུང་།  ཝུའུ་ཞའོ་ཅུན་རྨ་ཆུའི་འགྲམ་གྱི་ཁྲི་ཀ་རྫོང་གི་འདམ་བུའི་ཆུ་ཁུག་སྐྱེ་ཁམས་བརླན་སར་བསྐྱོད་དེ།  རྨ་ཆུ་འབབ་རྒྱུད་དུ་ཆགས་པའི་ཁྲི་ཀའི་རྨ་སྲབ་མཚམས་ཀྱི་བཙོག་ཆུ་འགོག་བཅོས་དང་ཆུའི་སྐྱེ་ཁམས་སླར་གསོའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།   མང་རྫོང་མུ་གེ་ཐང་གི་བྱེ་སར་བསྐྱོད་དེ།  ཝུའུ་ཞའོ་ཅུན་མཐོ་སར་འཛེགས་ཏེ“བྱང་གསུམ”འགག་གཏོར་གྱི་དཔེ་སྟོན་ཁུལ་ལ་རྒྱང་གཟིགས་མཛད་ཅིང་།  བྱེ་བཅོས་རྩི་ཤིང་མཚར་སྐྱེས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་པ་དང་།   བྱེ་འགོག་བྱེ་བཅོས་ཀྱི་ལས་ཀའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་།  ཁོས་འདི་སྐད།   འགན་འཁྲིའི་འདུ་ཤེས་ཆེན་པོ་ངོས་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་བྱས་ཏེ།  བཅོས་སྐྱོང་ལེགས་པོ་དང་དོ་དམ་བཟང་བོ་བྱས་ནས་རི་ཆུ་སྔོ་ཞིང་དྭངས་བའི་གསེར་རི་དངུལ་རི་དུས་གཏན་དུ་གནས་ཐུབ་པར་བྱ་དགོས་པ་ནན་གྱིས་བསྟན།

     རྫོང་རི་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་པར་ཡུལ་དངོས་སུ་རྟོག་ཞིབ་བྱེད་སྐབས་ཁོས་འདི་སྐད།  རྫོང་རི་རིག་གནས་ནི་རྨ་ཆུ་སྟོད་རྒྱུད་ཀྱི་ལོ་རྒྱུས་སྔོན་གྱི་ཤེས་རིག་གི་མཚོན་བྱེད་གལ་ཆེན་ཞིག་ལ།  ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས།  དེ་ལ་སྔོག་འདོན་ལེགས་པོ་དང་སྲུང་སྐྱོབ་བཟང་པོ་ཞིབ་འཇུག་དོན་ལྡན་བྱས་ཏེ།  རིག་གནས་ཤུལ་རྫས་སྲུང་སྐྱོབ་ལ་སྔར་ལས་སྐུལ་འདེད་དང་། མི་རིགས་མཐུན་སྒྲིལ་ལ་སྔར་ནས་ཇེཟབ།   རིག་གནས་ཡུལ་སྐོར་མཉམ་སྤེལ་སྔར་ལས་སྐུལ་སྤེལ་བྱ་དགོས་པ་ནན་གྱིས་བསྟན།

     ཁྲི་ཀ་རྫོང་ཆུ་ཤར་ཡུལ་ཚོའི་ཞང་པ་སྡེ་བའི་ཁྱིམ་བྱ་གསོ་སྤེལ་ཆེ་ལས་མཉམ་ལས་ཁང་དང་མང་རྫོང་མཚོ་སྔོན་དེང་རབས་རྩྭ་ལས་གོང་སྤེལ་ཚད་ཡོད་ཀུང་སིར་ཝུའུ་ཞའོ་ཅུན་གྱིས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་རྒྱུས་ལོན་ཟབ་མོ་བྱས་ཤིང་།  ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ཐོག ཐོན་ལས་ཀྱི་སྦྲེལ་ཐག་མུ་མཐུད་དུ་རིང་དུ་བསྲིངས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པར་ཡར་སྐུལ་བྱས་པ་དང་།   ས་གནས་རང་གི་ཕུལ་བྱུང་ཁེ་ལས་སྐྱེད་སྲིང་ལ་རྒྱབ་སྐྱོར་དང་ཞིང་འབྲེལ་ཞིང་ཁྲིད་ཀྱི་སྒྲིག་སྲོལ་ཁྱབ་གདལ་ལ་ཕྱོགས་བསྡོམས་བྱས་ཏེ།   ཞིང་གྲོང་ཁྱོན་ཡོངས་ནས་དར་སྤེལ་ཐད་ནུས་ཤུགས་ཆེན་པོས་སྐུལ་འདེད་གཏང་དགོས།  བྲག་དཀར་རྫོང་ཐང་ནག་ཡུལ་ཚོའི་གནས་སྤོ་བདེ་འགོད་བྱེད་སའི་སྡེ་བའི་རྣམ་པ་དང་། སྡེ་མིའི་ཐོན་སྐྱེད་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་མཐོང་རྗེས།  ཝུའུ་ཞའོ་ཅུན་གྱིས་འདི་སྐད།   ཞིང་གྲོང་གི་ཐོན་ལས་ངེས་པར་དུ་གོང་དུ་སྤེལ་ཏེ་མང་ཚོགས་གནས་སྤོ་ཕོད་པ་དང་། སྡོད་ཐུབ་པ། ཕྱུག་པོར་འགྱུར་བར་འགན་ལེན་བྱ་དགོས་ཞེས་བསྟན།

   ཤིང་ཁྲི་དགོན་དང་སྤྲེའུ་རྫོང་དགོན་དུ་ཝུའུ་ཞའོ་ཅུན་གྱིས་དགོན་པའི་གྲྭ་བཙུན་དང་བཅའ་སྡོད་ལས་བྱེད་པར་བརྗེ་རེས་བྱས་ཤིང་།   དགོན་པའི་ཉིན་རྒྱུན་གྱི་དོ་དམ་གནས་ཚུལ་ལ་ཞིབ་འདྲི་བྱས།   ཁོས་འདི་སྐད།  བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱས་ཏེ། “འདུ་ཤེས་གསུམ”ཇེ་དྲག་དང“ཚད་གཞི་ཁག་བཞི”ལག་ལེན་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་དྲིན་དྲན་ཞིང་། ཏང་གི་ཁ་ལ་ཉན་པ། ཏང་གི་རྗེས་འབྲངས་ནས་ཆོས་ལུགས་ལས་དོན་དོ་དམ་ཁྲིམས་བཞིན་བྱ་བ་དང་།   བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་བསྟུན་པར་སྐུལ་འདེད་གཏང་དགོས་ཞེས་བསྟན།     ཁྲི་ཀའི་རྫོང་ཁོངས་ཡོངས་ལ་ལྟ་བའི་བཀོད་འདོམས་ལྟེ་གནས་དང་འབའ་རྫོང་གི་སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་ཁོང་གིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་།  ཁོས་འདི་སྐད།   གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དམ་འཛིན་ནན་འཛིན་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡོང་བར་ཁོར་ཡུག་ཡག་པོ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

   རྟོག་ཞིབ་ཁྲོད་དུ། ཝུའུ་ཞའོ་ཅུན་གྱིས་འདི་སྐད།  ཏང་གི་འགོ་ཁྲིད་དེ་སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བའི་གོ་རིམ་ཡོངས་ལ་སྐྱ་འཐིབས་སུ་བཅུག་ཏེ།  ཞིང་གྲོང་དར་སྤེལ་གྱི་སྣེ་ཁྲིད་པ་ལེགས་ཤོས་སྔོན་ལ་བདམས་ནས་བྱ་སྤྱོད་གསར་པ་དང་། རྣམ་པ་གསར་པ།  ནུས་པ་གསར་པ་ཅན་ཞིག་བསྐོ་བར་འགན་ལེན་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་འཐབ་རྫོང་གི་ནུས་པ་འདོན་སྤེལ་ལེགས་པོ་བྱ་དགོས་ཞེས་བསྟན། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།