ཟླ10པའི་ཚེས14ཉིན་གྱི་ཕྱི་དྲོར། པེ་ཅིང་དང་ཟི་ལིང་། ཡུའུ་ཧྲུའུ་ས་ཁུལ་གསུམ་གྱི“ཅིང་གྲངས་མཚོ་རྩིས”དང་གཙོ་གནད་ཁེ་ལས་ཀྱི་འབྲེལ་མཐུད་ཚོགས་འདུ་པེ་ཅིང་དུ་འཚོགས། པེ་ཅིང་ས་ཁུལ་གྱི་མཉམ་ལས་བྱེད་འདོད་པའི་ཁེ་ལས་སམ་ཚོང་འགུག་དངུལ་འདྲེན་ཁེ་ལས་གཙོ་བོ་དང་ཟི་ལིང་གྲོང་ཁྱེར་གྱི་ཁེ་ལས་བཅུའི་འཐུས་ཚབ་ཚོགས་འདུར་ཞུགས། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་པེ་ཅིང་གི་འབྲེལ་ཡོད་ཁེ་ལས་དང་མཉམ་ལས་གྲོས་མཐུན་མང་པོ་བཀོད།
“ཅིང་གྲངས་མཚོ་རྩིས”གོ་སྐབས་སུ་བཟུང་སྟེ། ས་ཁུལ་གསུམ་གྱི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པའི་གསར་གཏོད་ཀྱི་ལག་ལེན་ཡིན་ལ། ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཐག་གཅོད་རང་བཞིན་གྱི་བྱེད་ནུས་འདོན་པ་དང་སྲིད་གཞུང་གིས་ནུས་པ་སྔར་ལས་ཆེ་རུ་འདོན་པར་སྐུལ་འདེད་གཏོང་བའི་ཕན་ལྡན་གྱི་ཟུང་འབྲེལ་གནས་ཡིན་ཞིང་། གཞི་གྲངས་ཀྱི་རླབས་རྒྱུན་ལ་བསྟུན་པ་དང་དགེ་མཚན་གསབ་རེས་མངོན་འགྱུར་བྱེད་པའི་འཐབ་ཇུས་གདམ་གའང་ཡིན་པས། པེ་ཅིང་དང་མཚོ་སྔོན་ས་ཁུལ་གཉིས་ཀྱི་འགོ་ཁྲིད་གཙོ་བོའི་རྒྱབ་སྐྱོར་ཆེན་པོ་དང་ལངས་གནས་མཐོན་པོའི་སྐུལ་འདེད་འོག ས་ཁུལ་གསུམ་གྱི་མཉམ་ལས་རྐས་རིམ་གསར་པ་དང་དུས་རིམ་གསར་པར་སླེབས་ཡོད། ཟི་ལིང་དང་ཡུའུ་ཧྲུའུ་ཡིས་ཐེངས་འདིའི་འབྲེལ་མཐུད་ཚོགས་འདུ་འགོ་འཛུགས་སར་བརྩི་བ་དང་། རྩིས་ཤུགས་སྦྲེལ་ཐག་ཏུ་བྱེད་པ། གནས་བརྒལ་དཔལ་འབྱོར་བྱེད་ཐབས་གལ་ཆེན་དུ་བརྩི་བ། ཁྲོམ་ར་ཅན་མཐུན་སྦྱོར་དེ་བརྒྱུད་ལམ་གཙོ་བོར་བྱས་ནས། པེ་ཅིང་གི་གསར་སྐྲུན་དགེ་མཚན་དང་ཟི་ལིང་གི་རྩིས་ནུས་དགེ་མཚན། ཡུའུ་ཧྲུའུ་ཡི་ཐོན་ཁུངས་དགེ་མཚན་བཅས་མཉམ་འདྲེས་ཟབ་མོ་ཡོང་བར་བྱས་ཏེ། ཁུལ་ཁོངས་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་ཞིག་གཏོད་དགོས།
ཚོགས་འདུའི་རྗེས་སུ། པེ་ཅིང་དང་ཟི་ལིང་། ཡུའུ་ཧྲུའུ་ས་ཁུལ་གསུམ་གྱི་ཁ་གཏད་མཉམ་ལས་དང་ཁ་གཏད་རོགས་སྐྱོར་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཐོན་ཁུངས་ཀྱི་དགེ་མཚན་སྦྲེལ་མཐུད་དང་རྐྱེན་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རིམ་པ་མང་པོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཁ་གཏད་རོགས་སྐྱོར་སྤེལ་བ། གནས་བརྒལ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་ནས་བསམ་ཚུལ་བརྗེ་རེས་དང་གྲོས་མོལ་ཟབ་མོ་བྱས།