ཟླ10པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ཚད་གཞིས་སྣེ་ཁྲིད་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་བ་དང་། ཚད་གཞི་རིམ་སྤར་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་ཏེ། ཆེད་དོན་སློབ་སྦྱོང་ཐེངས་བཅུ་དྲུག་པ་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སློབ་སྦྱོང་ཚོགས་འདུར་འགོ་འཛིན་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། མགྱོགས་པོར་ཚད་གཞི་ཅན་གྱི་ལས་དོན་བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་ལ། དངོས་ཕུང་དཔལ་འབྱོར་གྱི་སྤུས་ཚད་དང་རིམ་པ་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གོ་ཚད་ལྡན་ཅན་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ལི་ཨའེ་ཞན་གྱིས་འགྲེལ་བཤད་བརྒྱབ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་དང་ཀྲང་གོ་ཆིང་། ལིའུ་གོ་ཀྲུང་བཅས་ཀྱིས་བསམ་བློ་བརྗེ་རེས་གཏམ་བཤད་གནང་།
ལི་ཆང་གིས་འགྲེལ་བཤད་དང་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་ལ་གསན་རྗེས། ཚད་གཞི་ནི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་གལ་ཆེན་ཡིན་པས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་པ་སོགས་ལ་བྱེད་ནུས་གལ་ཆེན་ལྡན། ཚད་གཞི་རིམ་སྤོར་བྱ་རྒྱུ་དེ་སྔར་ལས་མངོན་གསལ་དོད་པའི་གནས་བབ་སྟེང་བཞག་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པའི་ཚད་གཞིའི་མ་ལག་གང་མགྱོགས་སྒོས་འཛུགས་དགོས་ཞེས་གསུངས།
ལི་ཆང་གིས་བསྟན་དོན། ཚད་ལྡན་གྱི་མཁོ་སྤྲོད་ཇེ་ལེགས་སུ་གཏོང་དགོས་ཏེ། འཕྲལ་མཁོ་སྔོན་ལ་སྤྱོད་པ་དང་གོ་རིམ་ལྡན་པའི་ངང་རིམ་འཕར་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚད་གཞི་བཟོ་བ་དང་བཟོ་བཅོས་རྒྱག་རྒྱུར་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། ཚད་གཞི་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལྟ་སྐུལ་ནན་པོ་དང་ཞབས་ཞུ་ཇེ་ལེགས་གཏོང་བ་གཉིས་མཉམ་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱ་དགོས། བཙན་ཤེད་རང་བཞིན་གྱི་ཚད་གཞི་ལག་བསྟར་འགན་འཁྲིའི་གསལ་ཐོ་བཟོས་ནས་ཐོན་ལས་སྲིད་ཇུས་དང་། སྲིད་གཞུང་ཉོ་སྒྲུབ། ལས་གཞི་བསྡུ་གཏོང་ཁྲོད་འོས་སྦྱོར་རང་བཞིན་གྱི་ཚད་གཞི་དང་ལེན་བྱེད་དགོས། ཚད་གཞི་རྒྱལ་སྤྱི་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་བཏང་བ་བརྒྱུད། ཚད་གཞིའི་རྒྱལ་སྤྱིའི་མཉམ་ལས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་། ཚད་གཞིའི་ལམ་ལུགས་ཀྱི་སྒོ་མོ་འབྱེད་རྒྱ་བརྟན་བརླིང་ངང་ཇེ་ཆེར་གཏོང་དགོས་ཞེས་ནན་གྱིས་གསུངས།
ལི་ཆང་གིས་བཅོས་སྒྱུར་གསར་གཏོད་སྒུལ་ཤུགས་སུ་འགྱུར་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚད་ལྡན་ཅན་གྱི་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་མུ་མཐུད་ནས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་ལ། སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་དགོས། སྲིད་གཞུང་སྡེ་ཁག་གིས་རྩེ་རིམ་ཇུས་འགོད་དང་ཚད་ལྡན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཁེ་ལས་དང་ཐོན་ལས་མནའ་འབྲེལ་སོགས་ཚོང་རའི་སྟོབས་ཤུགས་ཀྱིས་ཚད་གཞི་ཞིབ་བཟོ་བྱེད་པའི་ཐད་ནུས་པ་སྔར་ལས་ཆེ་བ་འདོན་པར་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་རིམ་པའི་ཚད་གཞི་དང་ས་གནས་ཚད་གཞིའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་འཛུགས་པའི་འགོག་རྐྱེན་གང་མགྱོགས་སྒོས་སེལ་དགོས་ལ། ཚད་གཞིའི་དོ་དམ་དང་ལས་རིགས་བཅོས་སྐྱོང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། ཚད་ལྡན་ཅན་གྱི་ལས་དོན་བཅོས་སྒྱུར་གྱི་མཉམ་ཤུགས་གྲུབ་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས།