ཟླ10པའི་ཚེས13ཉིན་ནས་ཚེས14ཉིན་བར། མདོ་དབུས་མཐོ་སྒང་གི་ས་ཡོམ་ཆེན་པོ་དང་གནོད་འཚེ་ཆེན་པོའི་རོགས་སྐྱོབ་མཉམ་ལས་ཁུལ་གྱི་བརྗེ་རེས་མཉམ་འབྲེལ་སྦྱོང་བརྡར་དང་མཚོ་སྔོན་གྱི་ཉིས་སྟོང་ཉེར་ལྔ་ལོའི་ས་ཡོམ་ཆེན་པོ་དང་གནོད་འཚེ་ཆེན་པོའི་མཉམ་འབྲེལ་དངོས་འཐབ་སྦྱོང་བརྡར་མཚོ་ཤར་གྲོང་ཁྱེར་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་སྦྱོང་བརྡར་ཁྲོད་ཞུགས། མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ། ཞིན་ཅང་བཅས་ཞིང་ལྗོངས་དྲུག་གི་མེ་ཟོན་རོགས་སྐྱོབ་སྤྱིའི་རུ་ཁག་དང་ནགས་ཚལ་མེ་ཟོན་སྤྱིའི་རུ་ཁག རྒྱལ་ཁབ་ནུབ་བྱང་ཁུལ་ཁོངས་ཀྱི་འཕྲལ་བསྟུན་རོགས་སྐྱོབ་ལྟེ་གནས་གྲ་སྒྲིག་ཚན་ཆུང་གི་འཐུས་མི་སོགས་སྦྱོང་བརྡར་ཁྲོད་ཞུགས། ཐེངས་འདིའི་སྦྱོང་བརྡར་གྱིས་ས་ཡོམ་ཆེན་པོ་དང་གནོད་འཚེ་ཆེན་པོའི་རོགས་སྐྱོབ་ཁྲོད་ཀྱི་གཅིག་གྱུར་བཀོད་འདོམས་དང་གཅིག་གྱུར་ཞིབ་གཅོད། གཅིག་གྱུར་བཤད་སྟངས། གཅིག་གྱུར་འགུལ་སྐྱོད་བཅས་ཀྱི་དཀའ་གནད་ལ་དམིགས་ནས་མཐོ་སྒང་གི་གྲང་ངར་ཆེ་བའི་ས་ཁུལ་གྱི་འཕྲལ་བསྟུན་རོགས་སྐྱོབ་ཐད་ཀྱི་མཉམ་འབྲེལ་བཀོད་འདོམས་དང་འཐབ་ཞབས་འགན་སྲུང་། ཁུལ་ཁོངས་བརྒལ་བའི་སྟོབས་ཤུགས་བཀོད་སྒྲིག་བཅས་མ་ལག་ཆེན་པོ་གསུམ་གཙོར་བཟུང་ནས་མཐུན་སྦྱོར་བྱས་ཡོད། སྦྱོང་བརྡར་གོ་རིམ་ཁྲོད། སྦྱོང་བརྡར་ལ་ཞུགས་པའི་སྡེ་ཁག་སོ་སོས་ས་ཡོམ་ཆེན་པོ་དང་གནོད་འཚེ་ཆེན་པོའི་མཉམ་འབྲེལ་བཀོད་འདོམས་རོགས་སྐྱོབ་ཀྱི་ནང་རྐྱེན་ཆེན་པོ་བརྒྱད་ཀྱི་འཁོར་སྐྱོད་གོ་རིམ་ཕྱོགས་ཡོངས་ནས་མངོན་པར་བྱས་པ་དང་། དངོས་ཡོད་ཀྱི་བཀོལ་སྤྱོད་བྱེད་ཐབས་བརྒྱུད་དེ་པུའུ་གཅིག་དང་ཚན་ཆུང་དགུའི་སྟོབས་ཤུགས་མ་ལག་འཛུགས་སྐྱོང་གི་སྒྲོམ་གཞི་ཆ་ཚང་མངོན་པར་བྱས། གནོད་འཚེའི་གནས་ཚུལ་བརྡར་གཅོད་ནས་སྟོབས་ཤུགས་བཀོད་གཏོང་བར་དང་། དེ་ནས་ཡུལ་དངོས་བཀོད་འདོམས་དང་རྒྱབ་ཀྱི་འགན་སྲུང་བར་དུས་རིམ་སོ་སོ་སྦྲེལ་མཐུད་དམ་ཟབ་དང་འཁོར་སྐྱོད་གེགས་མེད་ཡོང་བར་བྱས། ཡུལ་དངོས་ནས་ད་རུང་རྒྱང་རིང་ལ་འཕུར་སྐྱོད་བྱེད་སྐབས་ཀྱི་ལྗིད་ཐེག་མི་མེད་གནམ་གྲུ་ཆེ་གྲས་དང་ཚོགས་སྒྲིག་རྣམ་པའི་འཁྱེར་བདེ་བའི་འཕྲུལ་ཆས་ཀྱི་མི་སོགས་ཆེས་གསར་པའི་རང་བདག་ཞིབ་སྤེལ་གྱི་འཕྲལ་བསྟུན་རོགས་སྐྱོབ་སྒྲིག་ཆས་འགྲེམ་སྟོན་བྱས་པ་དང་། སྒྲིག་ཆས་དེ་དག་གིས་མཐོ་སྒང་གི་གྲང་ངར་ཆེ་བའི་ས་ཁུལ་གྱི་རོགས་སྐྱོབ་བྱ་བའི་ཁྲོད་དངོས་འཐབ་རང་བཞིན་གྱི་བྱེད་ནུས་གལ་ཆེན་འདོན་ཐུབ།
མཉམ་ཞུགས་གྲོས་མོལ་ཚོགས་འདུ་དང་དངོས་འཐབ་གདེང་འཇོག་སྤྱི་སྡོམ་ཚོགས་འདུའི་སྟེང་། མཉམ་ལས་ཁུལ་གྱི་འཐུས་མིས་ས་མཚམས་འབྲེལ་བའི་ཞིང་ལྗོངས་ཀྱི་རོགས་སྐྱོབ་མཉམ་ལས་སྔོན་སྐྱོད་ཁུལ་འཚོལ་ཞིབ་འཛུགས་སྐྲུན་བྱེད་པ་དང་། རེས་མོས་ལས་རེས་གཅིག་གྱུར་འཆར་འགོད་དང་ཁུལ་ཁོངས་བགར་ནས་འགན་འཁུར་བ་མཉམ་བསྲེས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྔར་ལས་རྒྱ་ཆེ་བའི་ཁུལ་ཁོངས་རོགས་སྐྱོབ་མཉམ་ལས་ཆེན་པོའི་ཆགས་སྟངས་འཛུགས་པ། བཀོད་འདོམས་དང་འགན་སྲུང་ནུས་པ་མཐོར་འདེགས་གཏོང་བ་བཅས་བྱས་ནས་ཁུལ་ཁོངས་འཕྲལ་བསྟུན་རོགས་སྐྱོབ་མ་ལག་ཐད་སྟོབས་ལྡན་གྱི་འདེགས་སྐྱོར་འདོན་སྤྲོད་བྱ་རྒྱུ་ཡིན་པའི་ཚུལ་བསྟན།