སྡེ་བ་ཞིག་གིས་སློབ་གསོ་ལ་བཅངས་པའི་ལྷག་བསམ་དྲོན་མོ།

ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

རབ་རྒན་སྡེ་བ་འདི་ཆེས་སྤྱིར་བཏང་གི་སྡེ་བ་ཞིག་ཡིན་ནའང་།སྡེ་མི་ཚོས་སྤྱིར་བཏང་མིན་པའི་རླབས་ཆེན་གྱི་བྱ་གཞག་ཞིག་སྒྲུབ་སྟེ་སློབ་བུ་ཚོས་ཕུགས་འདུན་ལ་འོད་སྟོང་འཕྲོས་སུ་བཅུག

མི་ལོ་བཅུ་བདུན་རིང་།རབ་རྒན་སྡེ་བའི་སྡེ་མི་ཚོས་བཙུགས་པའི་སློབ་གསོའི་རོགས་སྐྱོར་མཐུན་ཚོགས་ཀྱིས་སློབ་མ724ལ་རོགས་སྐྱོར་བྱས་ཏེ་སློབ་མ127གྱི་སློབ་ཆེན་འགྲིམ་པའི་ཕུགས་འདུན་འགྲུབ་པར་མ་ཟད།སློབ་མ5ཡིས་རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་བླངས།

རབ་རྒན་སྡེ་བས་སློབ་གསོར་བརྟེན་ནས་གྲོང་གསེབ་དར་སྤེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཞིང་།ཞིང་ལས་ས་ཁུལ་གྱི་བྱིས་པ་ཚོས་མི་ཚེའི་བགྲོད་ལམ་ལ་ཁ་ལོ་བསྒྱུར་བར་མ་ཟད།ཐག་རིང་ལུང་ཁུག་ཏུ་ཆགས་ཡོད་པའི་སྡེ་བ་ཆུང་ཆུང་འདི་ཕྱུགས་འགྱུར་གྱི་ལམ་ཁར་བསྙེག་པར་རེ་བ་ཆེན་པོ་བསྩལ།

ཉེ་སྔོན་གསར་འགོད་པ་ཀོས་ནན་རྫོང་མང་ར་ཤང་རབ་རྒན་སྡེ་བར་བཅའ་འདྲིར་ཕྱིན་དུས།སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གདུགས་དཀར་ཚེ་རིང་གིས་རོགས་དངུལ་གྱི་མིང་དེབ་སེར་པོ་དེ་འཁྱེར་ཡོང་ནས་ཁ་ཕྱེས་པ་ན།བར་དུ་ཁ་མདོག་འགྱུར་བའི་སློབ་བསྡུའི་བརྡ་ཐོའི་བསྐྱར་དཔར་མང་པོ་ཞིག་ཉར་ཚགས་བྱས་འདུག

ཁོས་མགོ་བོ་ཡར་བཀྱགས་ནས་ཁ་གཏད་ཀྱི་གྱང་ངོས་སུ་སྦྱར་ཡོད་པའི་པར་སྒྲོམ་སྟོང་བ་བརྒྱ་ལྷག་ཡོད་པར་ཅེར་ནས་བཤད་རྒྱུར། མི་འགྱངས་པར་པར་སྒྲོམ་འདི་དག་གི་ནང་སྡེ་བའི་སློབ་ཆེན་ལ་རྒྱུགས་འཕྲོད་པའི་སློབ་མའི་འདྲ་པར་འཇོག་དགོས་ཟེར།འདྲ་པར་འདི་དག་གི་རྒྱབ་ན་མཐོ་སྒང་གི་སྡེ་བ་འདིའི་མང་ཚོགས་ཀྱིས་མི་ལོ་བཅུ་བདུན་ཡི་རིང་ལ།ལུང་ཁུག་འདིའི་སློབ་མ་རེ་རེ་ཇི་ལྟར་བསྐྱེད་སྲིང་བྱས་པའི་རླབས་ཆེན་གྱི་བྱས་རྗེས་དེ་མཚོན་ཡོད།

རབ་རྒན་སྡེ་བ་འདི་ནི་བོད་རིགས་སྡེ་བ་ཆུང་ཆུང་ཞིག་ཡིན་ལ།ཀོས་ནན་རྫོང་མཁར་ནས་ཤར་ཕྱོགས་ཀྱི་སྤྱི་ལེ་བཅུའི་མཚམས་སུ་ཆགས་ཡོད་དེ། སྡེ་བ་ཡོངས་ལ་ཁྱིམ་ཚང174ཡོད་པ་རེད།

1986ལོར་རབ་རྒན་སྡེ་བ་ཚལ་རྔ་འགག་ཆུ་མཛོད་ཁུལ་ནས་ཐེངས་མང་པོར་གནས་སྤོ་བྱས་རྗེས་ད་ལྟའི་གནས་འདིར་གཏན་སྡོད་བྱས་པ་རེད།ལོ་ན་རེ་བརྒྱད་ལ་སོན་པའི་སྒྲོལ་བྷ་རྒྱལ་ཡིས་སྡེ་བ་འདིའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟུར་པའི་འགན་བཞེས་མྱོང་ལ།ཁོང་གིས་འདས་ཟིན་པའི་ལོ་ཟླ་གླེང་ཚེ་བརྗོད་མི་ཤེས་པའི་མྱོང་ཚོར་ཟབ་མོ་ཞིག་སྐྱེས་ཀྱིན་འདུག སྐབས་དེར་སྡེ་བའི་ན་གཞོན་མང་ཆེ་ཤོས་སློབ་གྲྭར་འགྲོ་མ་ཐུབ་པར་རང་ཡུལ་དུ་ནོར་ལུག་འཚོ་བའམ་རྨོ་ཞིང་འདེབས་པ།ཡང་ན་རྫོང་མཁར་དུ་ཞོར་ལས་སུ་འགྲོ་བཞིན་ཡོད་པ་ལས།སློབ་ཆེན་འགྲིམ་པའི་སློབ་མ་ཧ་ཅང་དཀོན།རྒྱུ་རྐྱེན་དེས་རབ་རྒན་སྡེ་བའི་སློབ་གསོ་ཅུང་རྗེས་ལུས་སུ་གྱུར་བར་མ་ཟད།སྡེ་བའང་འཕེལ་རྒྱས་མེད་པའི་གནས་སུ་ལྷུང་།

སྡེ་བ་འདིར་མཚོན་ན་ཞིང་ལས་གཙོ་བོ་ཡིན་པས་ཁྱིམ་ཚང་ཚང་མས་ནས་དང་ལོག་དཀར་བཏབ་ནས་ཡོང་སྒོ་འཚོལ་བཞིན་ཡོད།2008ལོར།སྒྲོལ་བྷ་རྒྱལ་གྱིས་སྟོན་ཁར་ལོ་ལེགས་བསྡུ་བར་སྟབས་བདེ་བཟོ་ཆེད། ཧྲན་ཏུང་དུ་ཞིང་སྤྱོད་འཕྲུལ་ཆས་ཞིག་ཉོས་པ་དང་བེད་སྤྱོད་བྱེད་སྐབས། ཁོས་གསལ་བཤད་ཡི་གེ་དེ་ཧ་ཅང་ཀློག་དཀའ་པའི་གནས་སུ་ལྷུང་།དེ་ནས་སྒྲོལ་བྷ་རྒྱལ་གྱི་སེམས་སུ་རྒན་རབས་པ་རྣམས་ལ་རིག་གནས་མེད་པས་གྱོང་གུན་ཆེན་པོ་ཐེབས་ཡོད་པ་དང་།མི་རབས་རྗེས་མ་ཚོས་རིག་གནས་མ་སྦྱང་ན་ཁོ་ཚོ་དང་གཅིག་འདྲ་ཡིན་པས། ངེས་པར་དུ་སློབ་གསོར་མཐོང་ཆེན་དང་སློབ་གསོ་གཙོར་བཟུང་ན་ད་གཟོད་སྡེ་བར་འཕེལ་རྒྱས་ཡོད་པ་རྟོགས།

རྗེས་སུ་ཁོས་རབ་རྒན་སྡེ་བའི་སྡེ་དམངས་ཚོགས་ཆེན་སྟེང་སྡེ་བའི་ནང་དུ་སློབ་གསོའི་རོགས་སྐྱོར་ཚོགས་པ་ཞིག་འཛུགས་རྒྱུའི་འཆར་གཞི་ཡོད་པ་དང་མང་ཚོགས་ཀྱིས་ཞལ་འདེབས་ཕུལ་ནས་མ་དངུལ་གྲབས་གསོག་བྱས་ཏེ་བྱིས་པ་ཚོ་སློབ་གྲྭར་འགྲིམ་དགོས་པའི་བསམ་ཚུལ་བཏོན་པས།སྡེ་མི་ཚོའི་རྒྱབ་སྐྱོར་ཆེན་པོ་ཐོབ།

ལོ་དེའི་ཟླ་བདུན་པར་རབ་རྒན་སྡེ་པའི་སློབ་གསོའི་རོགས་དངུལ་ཚོགས་པ་བཙུགས་པ་དང་། སྒྲོལ་བྷ་རྒྱལ་ཡིས་མགོ་ཁྲིད་དེ་སྒོར་སྟོང་གཅིག་གི་ཞལ་འདེབས་ཕུལ་བས།ཁོང་གི་ཁྱིམ་མི་དག་གིས་ཀྱང་རང་རང་ལ་འཛོམས་ཚུལ་གྱི་ཞལ་འདེབས་ཕུལ་པ་དང་ཆབས་ཅིགརབ་རྒན་སྡེ་པའི་སྡེ་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་ཞལ་འདེབས་ཕུལ་བར་མ་ཟད། ཀོན་ནན་རྫོང་གི་ལས་བྱེད་པ་དང་ཚོང་གཉེར་བ་ཚོའང་རོགས་སྐྱོར་གྱི་ཞལ་འདེབས་ཕུལ་བའི་ནང་ཞུགས་ཏེ། རབ་རྒན་སྡེ་བའི་སློབ་གསོའི་རོགས་དངུལ་མཐུན་ཚོགས་ཀྱིས་མ་དངུལ་སྒོར་ཁྲི10གྲབས་གསོག་ཐུབ་པ་བྱུང་།མཚོ་སྔོན་སློབ་གྲྭ་ཆེན་མོ་ནི་རབ་རྒན་སྡེ་བར་རོགས་སྐྱོར་བྱེད་པའི་ཁ་གཏད་ལས་ཁུངས་ཡིན་ལ། མཐུན་ཚོགས་བཙུགས་པ་ཤེས་རྗེས། སྔ་གཞུག་ཏུ་སྒོར་ཁྲི7གྱི་ཞལ་འདེབས་ཕུལ་བར་མ་ཟད།ལོ་རེར་སློབ་ཡོན་མི་དགོས་པར་སློབ་ཁྲིད་བཀོད་སྒྲིག་བྱས།

ཀོས་ནན་རྫོང་སྲིད་གཞུང་དང་མང་ར་ཤང་སྲིད་གཞུང་གི་རྒྱབ་སྐྱོར་འོག མཐུན་ཚོགས་ཀྱི་མ་དངུལ་ཇེ་མང་ནས་ཇེ་མང་དུ་ཕྱིན་ལ། རོགས་སྐྱོར་ཁྱབ་ཁོངས་དེ་སྡེ་བའི་དཀའ་ངལ་ཡོད་པའི་སློབ་མ་ནས་སྡེ་བ་ཡོངས་ཀྱི་དམའ་འབྲིང་ཡན་གྱི་སློབ་མར་རྒྱ་བསྐྱེད་པ་མ་ཟད། ད་དུང་སྡེ་བ་གཞན་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལའང་རོགས་སྐྱོར་བྱེད་མགོ་བརྩམས་པ་རེད།མཐུན་ཚོགས་ཀྱིས་རོགས་དངུལ་སྟེར་བའི་ཚད་གཞི་འཐུས་ཚང་དུ་བཏང་སྟེ།མཐོ་འབྲིང་སློབ་མར་ལོ་རེར་སྒོར900དང་ཆེད་སྦྱོང་སློབ་མར་ལོ་རེར་སྒོར1800སྟེར་བ་དང་།དངོས་གཞིའི་སློབ་མར་ལོ་རེར་སྒོར2700དང་ཞིབ་འཇུག་སློབ་མར་ལོ་རེར་སྒོར3600སྟེར་བའི་ཚད་གཞི་གཏན་འཁེལ་བྱས།

2010ལོར།མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རབ་རྒན་སྡེ་བ་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ཐད་ཀྱི་བྱས་རྗེས་གཟེངས་སུ་ཐོན་པའི་མཚན་སྙན་གནང་ཞིང་། ལྗིད་ཏིག་ཏིག་གི་མཚན་སྙན་འདི་ནི་སྒྲོལ་བྷ་རྒྱལ་དང་སྡེ་མི་ཡོངས་ལ་ཐོབ་པའི་ཆེས་བཟང་བའི་ཁས་ལེན་ཞིག་ཀྱང་རེད།

སློབ་གསོའི་རོགས་སྐྱོར་མཐུན་ཚོགས་ཀྱི་བླ་མེད་ཀྱིས་བརྐྱངས་པའི་ལག་ཟུང་དེ་ནི་རབ་རྒན་སྡེ་བའི་སློབ་བུ་ཚོའི་སེམས་ནང་གི་ཆེས་དྲོད་ཁོལ་ལྡན་པའི་འདེགས་སྐྱོར་ཞིག་ཏུ་གྱུར་ཞིང་།ད་ལོར་སློབ་ཆེན་མཐར་ཕྱིན་པའི་ཚེ་དབང་སྒྲོན་མར་དེའི་སྐོར་ལ་འཆར་རྒྱུས་ཟབ་མོ་ཡོད་དེ། སེམས་གཏིང་ནས་བཀའ་དྲིན་ཀྱང་ཞུ་བཞིན་འདུག

2017ལོར།ཁོ་མོའི་མཐོ་འབྲིང་ལ་རྒྱུགས་འཕྲོད་རྗེས།རོགས་སྐྱོར་མཐུན་ཚོགས་ཀྱིས་མོ་ལ་ལོ་རེར་སྒོར900ཡི་རོགས་དངུལ་སྤྲད་ཅིང་།འདི་འདྲའི་སེམས་ཁམས་དྲོ་བའི་རོགས་སྐྱོར་གྱིས་ཁོ་མོར་སློབ་སྦྱོང་ལ་སྔར་ལས་ཧུར་བརྩོན་བྱེད་པའི་སྤོབས་སེམས་སྦྱིན་པས། སློབ་ཆེན་ལ་རྒྱུགས་སྤྲོད་སྐབས་ཕུལ་དུ་བྱུང་བའི་རྒྱུགས་འབྲས་བླངས་ཏེ་ཁྲུང་ཆིན་བཟོ་ཚོང་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ཅིང་།སློབ་ཆེན་སྐབས་སུ།མཐུན་ཚོགས་ཀྱིས་ལོ་རེར་ཁོ་མོར་སྒོར2700ཡི་རོགས་དངུལ་སྦྱིན་ཡོད། ད་ལོར།ཚེ་རིང་སྒྲོལ་མས་མཐུན་ཚོགས་ཀྱི་རེ་བ་སྟོང་ཟད་དུ་མ་བཏང་བར་རང་ཁྱིམ་དང་བར་ཐག་མི་རིང་བའི་གྲོང་རྡལ་སྲིད་གཞུང་དུའང་རྒྱུགས་འཕྲོད་པ་རེད།

ཚེ་རིང་སྒྲོལ་མའི་ཁྱིམ་གྱི་དཔེ་སྒྲོམ་སྟེང་དུ་མོ་དང་ཨ་ཅེ་ཡི་གཟི་བརྗིད་དཔང་རྟགས་ཀྱིས་བཀང་ཡོད་པ་དང་།འགྲུལ་ཁང་གི་གྱང་ངོས་སུ་དཔེ་བཟང་ཁྱིམ་ཚང་གི་གཟེངས་རྟགས་ཀྱང་བཀལ་འདུག ཁོ་མོས་གསར་འགོད་པར་ང་སློབ་ཆེན་འགྲིམ་སྐབས་ངེད་ཚང་གི་བྱིས་པ་གསུམ་མཉམ་དུ་སློབ་ཆེན་འགྲིམས་དགོས་སོང་།ཕ་མ་གཉིས་ཀྱིས་ཞིང་ལས་ཀྱི་ཡོང་སྒོ་ཁོ་ནར་བརྟེན་ནས་ང་ཚོའི་སློབ་རིན་འཚོལ་གྱིན་ཡོད་པས། ངེད་ཚང་ལ་དཀའ་ཁག་ཅུང་ཆེན་པོ་བྱུང་། ཡིན་ནའང་།སྐབས་དེར་མཐུན་ཚོགས་ཀྱི་རོགས་སྐྱོར་ཆེན་པོ་ཐོབ་བས།ཁོ་ཚོའི་བཀའ་དྲིན་ངས་ནམ་ཡང་བརྗེད་མི་སྲིད།ད་ལྟ་ང་རང་ཡུལ་དུ་ལོག་ནས་ཕ་ཡུལ་གྱི་འཛུགས་སྐྲུན་ཕྱོགས་སུ་རང་གི་ནུས་པ་གང་ཡོད་འདོན་རྒྱུའི་དམ་བཅའ་བཞག་ཡོད་ཟེར།

ཚེ་རིང་སྒྲོལ་མ་དང་འདྲ་བར་ཕྱིར་རང་ཡུལ་དུ་ལོག་ནས་ཞབས་ཞུ་བསྒྲུབ་མཁན་མང་པོ་ཡོད་ལ།དམ་ཆོས་ནི་སློབ་གསོའི་མཐུན་ཚོགས་ཀྱིས་ཐོག་མར་རོགས་སྐྱོར་བྱས་པའི་གྲས་ཀྱི་གཅིག་ཡིན།ད་ལྟ་ཁོ་འབུམ་རམས་པའི་ཞིབ་འཇུག་སློབ་མ་མཐར་ཕྱིན་པ་དང་མཚོ་སྔོན་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་འགན་བཞེས་ཡོད། སློབ་ཆེན་མཐར་ཕྱིན་རྗེས་མཐུན་ཚོགས་ཀྱི་དང་བླངས་པའི་ནང་ཞུགས་ཏེ་ཡིག་ཆ་འབྲི་བ་དང་།སློབ་མར་གསབ་ཁྲིད་བྱེད་པ། རིག་རྩལ་ལེ་ཚན་སྦྱོང་བརྡར་བྱེད་པ་སོགས་ཀྱི་ལས་ལ་ཞུགས་ནས་ཕ་ཡུལ་ལ་དྲིན་ལན་འཇལ་གྱིན་འདུག

ལོ་ངོ་བཅུ་བདུན་གྱི་རིང་།རབ་རྒན་སྡེ་བའི་སློབ་གསོའི་རོགས་སྐྱོར་མཐུན་ཚོགས་ཀྱིས་ཇི་ལྟར་དབུལ་ཡང་སློབ་དངུལ་ཆད་མི་རུང་བའི་ཐོག་མིའི་བསམ་འདུན་ཡིད་ལ་དམ་པོར་བཟུང་སྟེ།ཏང་ཡོན་ལས་བྱེད་པས་ཞལ་འདེབས་ཕུལ་བ་དང་། མང་ཚོགས་ཀྱིས་སྒེར་ནས་ཞལ་འདེབས་ཕུལ་བ།སྤྱི་ཚོགས་ཀྱི་ཞལ་འདེབས་ཕུལ་བ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་མ་དངུལ་སྒོར་ཁྲི1496བསྡུ་ཐུབ་པ་བྱུང་ཞིང་།སློབ་མ724ལ་རོགས་དངུལ་སྦྱིན་ནས་སློབ་མ127སློབ་ཆེན་འགྲིམ་པའི་ཕུགས་འདུན་འགྲུབ་པར་མ་ཟད།སློབ་ཆེན་པ་མང་པོ་ཞིག་བྱ་བའི་ནང་ཞུགས་ཐུབ་པ་བྱུང་ཡོད།

སློབ་གསོས་རབ་རྒན་སྡེ་བའི་སློབ་བུ་ཚོའི་མི་ཚེ་ལ་ཁ་ལོ་བསྒྱུར་བར་མ་ཟད།མཐོ་སྒང་གི་གྲོང་ཚོ་ཆུང་ཆུང་འདིའི་ངོ་གདོང་གསར་པ་ཞིག་ཏུ་བསྒྱུར་སོང་ལ། དེ་ལས་མང་པོའི་སློབ་བུ་ཚོ་ལུང་ཁུག་འདི་དང་ཁ་བྲལ་ཡང་ཁོ་དང་ཁོ་མོ་ཚོས་ཕུགས་འདུན་མངོན་འགྱུར་བྱུང་སྟེ།ཕྱིར་རང་ཡུལ་དུ་ལོག་ནས་རོགས་རམ་བྱེད་པའི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད།

རབ་རྒན་སྡེ་བར་ནར་སོན་པའི་ལུང་རིག་ནི2015ལོར་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན་རྗེས་ཕྱིར་རང་ཡུལ་དུ་ལོག་ནས་ལས་བཏོད་ལ་ཞུགས་པ་དང་། སློབ་གསོའི་རོགས་སྐྱོར་མཐུན་ཚོགས་ཀྱིས་ཁོང་གི་ཞིང་ཁྱིམ་ར་བར་སྒོར་ཁྲི་གཅིག་གི་ལས་བཏོད་མ་རྩ་བཏང་།ལོ་གཅིག་གི་རྗེས་སུ་ལུང་རིག་གིས་མ་དངུལ་དེ་ཕྱིར་འཇལ་བར་མ་ཟད། སྒོར་སྟོང་གཅིག་གི་ཞལ་འདེབས་ཕུལ་ཞིང་། ཁོས་ང་སློབ་གྲྭར་འགྲོ་སྐབས་ལོ་རེར་མཐུན་ཚོགས་ཀྱི་རོགས་སྐྱོར་ཐོབ་པ་ཡིན་པས།རང་གི་སེམས་མཚོན་བྱེད་ཀྱི་རོགས་དངུལ་ཙམ་ཕུལ་ཏེ་བཀའ་དྲིན་ཞུས་པ་ཡིན་ཞེས་བཤད།མཐུན་ཚོགས་ཀྱི་རྩིས་ཐོའི་སྟེང་ཁོང་ལྟ་བུའི་རོགས་དངུལ་སྟེར་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་དེ།རོགས་སྐྱོར་ཐོབ་པའི་སློབ་མ་ཚོ་བྱ་བར་ཞུགས་རྗེས།ཁ་ཤས་ཀྱིས་ཟླ་དང་པོའི་གླ་ཕོགས་ཞལ་འདེབས་སུ་ཕུལ་ཏེ་ཆུ་ཐིགས་བསགས་ནས་རྒྱ་མཚོ་ཞེས་པ་ནང་བཞིན་སློབ་གསོའི་རོགས་སྐྱོར་དེ་མུ་མཐུད་ནས་མུ་མཐུད་དུ་རྒྱུན་བསྐྱངས་པ་རེད།

ཧྲུའུ་ཅི་གདུགས་དཀར་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན།ད་ལྟའི་རབ་རྒན་སྡེ་བར་ཞིང་ཁྱིམ་ར་བ21དང་མཉམ་ལས་ཁང4ཡོད་པར་མ་ཟད། ཀོས་ནན་རྫོང་དུ་སྒེར་གཉེར་ཚོང་ལས་བ་ཆེས་མང་བའི་སྡེ་བར་གྱུར་ཡོད། ལོ་འགའི་རིང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་ལོ་རེར་སྒོར་ཁྲི་བརྒྱ་ལས་བརྒལ་བ་དང་།མི་རེའི་ཆ་སྙོམས་ཡོང་འབབ་སྒོར19000ལྷག་ལ་སླེབས་ནས་སྡེ་མི་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད་ཟེར།

རབ་རྒན་སྡེ་བའི་སློབ་གསོའི་རོགས་དངུལ་མཐུན་ཚོགས་ཀྱིས་སྡེ་བའི་བུ་ཕྲུག་ཚོ་སློབ་གྲྭར་འགྲོ་དཀའ་བའི་གནད་དོན་ཐག་གཅོད་བྱས་པར་མ་ཟད། ཁྱིམ་བདག་ཚོར་བུ་ཕྲུག་སློབ་གྲྭར་སྐྱེལ་བར་སྐུལ་སློང་བྱས་ཤིང་།སློབ་གསོར་བརྩི་མཐོང་བྱེད་དགོས་པའི་དར་སྲོལ་ཆགས་སུ་བཅུག་ཡོད་ཅེས་ཀོས་ནན་རྫོང་གི་རྫོང་དཔོན་གཞོན་པ་གཡང་དཀར་སྐྱིད་ཀྱིས་དེ་ལྟར་བཤད།

རབ་རྒན་སྡེ་བའི་དཔེ་སྟོན་གྱི་ནུས་པ་དེ་མཐའ་འཁོར་གྱི་ཤང་སྡེ་རུ་གྲགས་ནས་ཁོ་ཚོའི་ས་ཁོངས་ཀྱི་སློབ་གསོའི་འདུ་ཤེས་གསར་བཅོས་ལའང་སྐུལ་ཁྲིད་ཆེན་པོ་ཐེབས་སོང་།

མཛེས་བཟོ་བྱེད་བཞིན་པའི་སློབ་གསོའི་རོགས་དངུལ་མཐུན་ཚོགས་ཀྱི་གཞུང་ལས་ཁང་གི་གྱང་ངོས་སུ་དཔེ་དེབ་ཅིག་གི་སྟེང་ལུས་ན་མེ་ལྕེ་འབར་བཞིན་པའི་ཞི་བདེ་ཕུག་རོན་ཞིག་གིས་མཆུ་བར་དུ་སྐྱུ་རུ་རའི་ཡལ་ག་ཞིག་བཟུང་ཡོད་པའི་རྟགས་མཚན་གྱི་ཇུས་འགོད་རི་མོ་དེ་མིག་ལམ་དུ་ཧ་ཅང་མཛེས་ཤིང་།རི་མོའི་ཇུས་འགོད་པ་ནི་རབ་རྒན་སྡེ་བས་རོགས་སྐྱོར་ཐོབ་ནས་སློབ་མཐར་ཕྱིན་ཏེ།ད་ལྟ་ཀོས་ནན་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགན་བཞེས་ཡོད་པའི་དཔལ་ལྡན་མགོན་པོ་རེད།

དཔལ་ལྡན་མགོན་པོའི་བཤད་རྒྱུར།དཔེ་དེབ་ནི་མཐུན་ཚོགས་ཀྱི་གཞི་འཛིན་ས་ཡིན་ལ། སློབ་གསོར་འདེགས་སྐྱོར་བྱེད་པའི་རྩ་བ་ཡིན། མེ་ལྕེ་འབར་བའི་ངར་ཤུགས་དེ་ནི་ལོ་ངོ་བཅུ་བདུན་རིང་གི་སློབ་གསོའི་རོགས་སྐྱོར་དེ་དང་མཚུངས།སྐྱུ་རུ་རའི་ཡལ་ག་ནི་མི་རིགས་མཐུན་སྒྲིལ་གྱི་མཚོན་བྱེད་ཡིན།དེའི་ང་ཚོས་རླབས་ཆེན་གྱི་བྱ་གཞག་འདི་མུ་མཐུད་དུ་བསྒྲུབ་པའི་སྙིང་སྟོབས་མཚོན་ཡོད།སྤྱི་ཚོགས་ཀྱི་འཕེལ་རྒྱས་དེ་མཐར་ཐུག་ན་སློབ་གསོར་བརྟེན་དགོས་ལ།སློབ་གསོར་རྩ་བ་ཚུགས་ཐུབ་མིན་དེ་མཐུན་སྒྲིལ་དང་ཞི་བདེ་སྐྲུན་པའི་གནས་དེ་དང་འབྲལ་ཐབས་མེད་ཟེར།

རེད་དེ། རྟགས་མཚན་འདིས་རབ་རྒན་སྡེ་བའི་རེ་སྨོན་དང་སྟོབས་ཤུགས།མཐུན་སྒྲིལ་མཚོན་ཡོད་ལ། ཁོ་ཚོས་བླ་མེད་ཀྱི་བྱམས་བརྩེ་དེའང་མཚོན་ཡོད།

ད་ལྟ་རབ་རྒན་སྡེ་བར་སློབ་ཆེན་པ་ཡོད་ལ། ཁེ་ལས་པའང་ཡོད་དེ། དེ་བས་ཡིད་འགུལ་ཐེབས་པ་དེ་ནི་མིག་ལ་ཆེས་མཛེས་པའི་བྱིས་གཉོར་ཁང་ཡོད་པ་དེ་རེད།

རབ་རྒན་སྡེ་བ་འདི་ཆེས་སྤྱིར་བཏང་གི་སྡེ་བ་ཞིག་ཡིན་ནའང་། ཁོ་ཚོས་སློབ་གསོར་བཅངས་པའི་སེམས་འདུན་དང་རེ་སྨོན་གྱི་ལམ་ཁ་ནི་འོད་སྟོང་འབར་བ་ཞིག་ཡིན་ལ། ཁོ་ཚོས་བླ་མེད་ཀྱི་བྱས་རྗེས་དེར་སུས་ཀྱང་ཚབ་བྱེད་མི་ཐུབ། རྒྱལ་ཁབ་ཀྱི་སློབ་གསོའི་བྱ་གཞག་གོང་ནས་གོང་དུ་འཕེལ་བའི་དུས་བཟང་འདིར། རབ་རྒན་སྡེ་བའི་བྱིས་པ་ཚོའི་ཕུགས་འདུན་འཚོལ་བར་ལམ་ཁ་ཆེན་པོ་ཞིག་ཕྱེས་སོང་ལ། གྲོང་གསེབ་དར་སྤེལ་གཏོང་བར་ཡང་རྨང་གཞི་བརྟན་པོ་ཞིག་བཏིངས་སོང་ངོ་།།

གསར་འགོད་པ། བུ་མོ་ཆོག དོན་འགྲུབ་སྒྲོལ་མ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།