མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས12ཉིན། མཚོ་སྔོན་ལ་གྲང་ངར་ཆེ་ནའང་ཧོང་ཞིན་མེ་ཁའེ་ལུང(红星美凯龙)ཟི་ལིང་ཧའེ་ཧོ་ཚོང་རའི་ནང་དུ་དྲོ་སྐྱིད་དང་གསོན་ཤུགས་འཕྱུར་བཞིན་ཡོད། 2025ལོའི་རྒྱལ་ཡོངས་བུད་མེད་ཀྱི་ཞབས་བྲོ(ལུས་སྦྱོང་ཞབས་བྲོ)འགྲན་བསྡུར་ཆེན་མོའི་མཚོ་སྔོན་ས་ཚིགས་ཀྱི་འགྲན་བསྡུར་གནས་འདི་ནས་འགོ་ཚུགས་པ་དང་། ཞབས་བྲོར་འཁྲབ་པར་དགའ་བའི་མི420ལྷག་གི་འཁྲབ་སྟོན་གྱིས་འགྲན་རར་གསོན་ཤུགས་བསྣན།
ཐེངས་འདིའི་འགྲན་བསྡུར་ཆེན་མོ་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དང་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་གཙོ་གཉེར་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཚོགས་སྤྱི་སི་དང་། ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲིལ་བསྒྲགས་པུའུ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ལུས་སྦྱོང་ལུས་རྩལ་དོ་དམ་ལྟེ་གནས། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་ཅུའུ། མཚོ་སྔོན་ཞིང་ཆེན་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་སྒྲུབ་འགན་འཁུར་ཞིང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་ལྟེ་གནས་དང་། མཚོ་སྔོན་དགེ་འོས་སློབ་ཆེན་ལུས་རྩལ་སློབ་གླིང་། མཚོ་སྔོན་ཞིང་ཆེན་དམངས་ཡོངས་ལུས་སྦྱོང་ཞབས་བྲོའི་མཐུན་ཚོགས། ཧོང་ཞིན་མེ་ཁའེ་ལུང་ཟི་ལིང་ལུས་རྩལ་ཧའེ་ཧོ་ཁྲོམ་ར་བཅས་ཀྱིས་གཞོགས་འདེགས་བྱས་ནས་གཉེར་བ་རེད། ཟླ་གཅིག་རིང་གི་གྲ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་གྲོང་ཁྱེར་དང་སློབ་གླིང་ཁག་གི་དཔུང་ཁག25ཡིས་གར་སྟེགས་གཅིག་ཏུ་འགྲན་བསྡུར་བྱས་པ་དང་། འགྲན་བསྡུར་ནང་ན་གཞོན་ཚན་ཆུང་གི་རྣམ་གྲངས་གསུམ་དང་དར་མའི་ཚན་ཆུང་གི་རྣམ་གྲངས་བཞི་བཅས་ཚུད་ཡོད་པ་རེད།
སྤྲོ་སྣང་ཆེ་བའི་འགྱུར་ཁུག་དང་བཅས་གསོན་ཤུགས་ཀྱིས་ཁེངས་པའི་མི་བརྒྱའི་ཞབས་བྲོ《ཀྲུང་གོའི་ཞབས་བྲོ》ཞེས་པའི་འགྲན་བསྡུར་ཆེན་པོ་མགོ་བརྩམས་མ་ཐག ཡུལ་དངོས་འཁྲུག་ཆ་དོད་པོ་གྱུར། འགྲན་བསྡུར་ཁྲོད། འགྲན་བསྡུར་ནང་ཞུགས་མཁན་དཔུང་ཁག25རིམ་བཞིན་གར་སྟེགས་སུ་བུད་ནས། རང་འདེམས་ཀྱི་རྣམ་གྲངས་དང་གཏན་འབེབས་རྣམ་གྲངས་དབར་གྱི་འགྲན་རྩོད་ཁྲོད་རང་སོ་སོའི་ཉམས་འགྱུར་མངོན་པ་རེད། ཞབས་བྲོའི་ཉམས་འགྱུར་མཛེས་སྡུག་ལྡན་པ་དེས་དུས་རབས་གསར་པའི་བུད་མེད་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་འཚོ་བར་དགའ་ཞེན་བྱེད་པ་གང་ལེགས་མངོན་ཞིང་། ཡུལ་དངོས་ཀྱི་ལྟད་མོ་བ་ཚོས་དགའ་བའི་ཐལ་མོ་ཡང་ཡང་བརྡེབས།
ཤེས་གསལ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ཆེན་པོ་སྤེལ་བའི་དམིགས་ཡུལ་ནི་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་རྣམས་དམངས་ཡོངས་ཀྱི་ལུས་སྦྱོང་ནང་ཧུར་ཐག་ཞུགས་པར་སྣེ་ཁྲིད་དང་། བདེ་ཐང་གི་འཚོ་བ་སྤྱོད་སྟངས་དར་སྤེལ་གཏོང་བ། བུད་མེད་མང་ཚོགས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་བཏང་ནས་ཁོ་མོ་ཚོར་ཐོབ་པའི་ཚོར་བ་དང་། བདེ་སྐྱིད་ཀྱི་ཚོར་བ་དང་བདེ་འཇགས་ཀྱི་ཚོར་བ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་རེད། ཞབས་བྲོ་ནི་མང་ཚོགས་དགའ་བའི་ལུས་སྦྱོང་བྱེད་སྟངས་ཤིག་ཡིན། ཞབས་བྲོའི་སྣ་མང་རང་བཞིན་དང་རྒྱ་ཁྱབ་རང་བཞིན་གྱིས་དམངས་ཡོངས་ཀྱི་ལུས་སྦྱོང་སྤེལ་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཏེ། ལུས་སྦྱོང་ཞབས་བྲོ་རྒྱུན་གཏན་འཚོ་བའི་ནང་དངོས་སུ་འདྲེས་ནས། མང་ཚོགས་ལུས་སྦྱོང་ཁྲོད་བདེ་ཐང་དང་བདེ་སྐྱིད་ཐོབ་ཐུབ་པ་དང་། ལུས་རྩལ་ཀྱིས་མིའི་ཕྱོགས་ཡོངས་ཡར་རྒྱས་ཡོང་བ་དང་ཞི་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་པའི་ཁྲོད་དགེ་མཚན་སྔར་ལས་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་རོགས་རམ་བྱེད་ཀྱི་ཡོད་པ་རེད།