ཟླ10པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས་བསྒྲགས་པའི་གཏམ་བཟང་ལྟར་ན། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཉིན་འགའི་སྔོན་ལ་སྤྱི་བསྒྲགས་སྤེལ་ཏེ། མཚོ་སྔོན་ཞིང་ཆེན་འཁྲབ་སྟོན་སྡེ་ཚོགས་ཀྱིས་གསར་སྒྲིག་བྱས་པའི་ཞབས་བྲོ《ཨ་མའི་སེམས་འདུན》ཞེས་པ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པས་གསར་སྒྲིག་བྱས་པའི་ཞབས་བྲོ《གནམ་སའི་བར་མཚམས》ཞེས་པ2025ལོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་ཞབས་བྲོའི་བརྩམས་ཆོས་འཁྲབ་སྟོན་བརྩམས་ཆོས་སུ་བདམས་ཐོན་བྱུང་། བརྩམས་ཆོས་འདི་གཉིས་ཟླ10པའི་ཚེས25ཉིན་ནས་ཚེས27ཉིན་བར་མཚོ་སྔོན་གྱི་ཚབ་བྱས་ཏེ་རྒྱལ་ཡོངས་འཁྲབ་སྟོན་གར་སྟེགས་སུ་འབུད་རྒྱུ་རེད།
མཚོ་སྔོན་བརྩམས་ཆོས་ཁག་གཉིས་དུས་མཉམ་དུ་བདམས་ཐོན་བྱུང་བ་དེས། མཚོ་སྔོན་གྱི་སྒྱུ་རྩལ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་ཡོད་པར་མ་ཟད། མཚོ་སྔོན་གྱི་ཞབས་བྲོ་གསར་གཏོད་ཆུ་ཚད་ཀྱི་ཚད་མཐོའི་གདེང་འཇོག་ཀྱང་ཡིན་ལ། དེ་བས་ཀྱང་མཚོ་སྔོན་གྱིས་དུས་ཡུན་རིང་བོའི་ནང“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་བའི”ལག་ལེན་དངོས་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་སྒྱུར་བཅོས་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན། དེས་མཚོ་སྔོན་ཞིང་ཆེན་གྱིས་རིག་གནས་རྒྱུན་འཛིན་དང་སྒྱུ་རྩལ་གསར་གཏོད་ཀྱི་ལམ་བུ་སྟེང་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱས་པ་དང་ཕུན་སུམ་ཚོགས་པའི་གྲུབ་འབྲས་བླངས་པ་མཚོན།
ཞབས་བྲོ《ཨ་མའི་སེམས་འདུན》ཞེས་པ་དེས་ཨ་མ་དང་ཚེ་སྲོག་བརྗོད་སྙིང་བྱས་ཏེ། སྒོར་དབྱིབས་རྣམ་པའི་ཞབས་བྲོའི་སྒྲིག་གཞི་ལས་རིགས་སོ་སོའི་མང་ཚོགས་ཀྱིས་ཐུན་མོང་གི་ཁྱིམ་གཞིས་བསྐྲུན་པའི་ཡིད་སེམས་འགུལ་བའི་གཏམ་རྒྱུད་མཚོན་ཡོད། བརྩམས་ཆོས་འདིར་སྔོན་ཆད་ཀྱང་ཞིང་ཆེན་རིམ་པའི་སྒྱུ་རྩལ་བྱ་དགའ་མང་བོ་ཐོབ་མྱོང་བ་དང་། བདེ་བླག་ངང‘མེ་ཏོག་པདྨ་རྟགས་མའི’མཇུག་མཐའི་དཔྱད་འདེམ་ཁྲོད་ཚུད། ཞབས་བྲོ《གནམ་སའི་བར་མཚམས》ཞེས་ནི“དཔའ་རིས་བོད་རིགས་ཀྱི་གྱོན་ཆས”དང“དཔའ་རིས་བོད་རིགས་ཀྱི་དམངས་སྲོལ”སོགས་རྒྱལ་ཁབ་རིམ་པའི་ཤུལ་བཞག་རིག་གནས་གཏིང་ཟབ་ངང་སྔོག་གདོན་བྱས་ཡོད་པའི་བརྩམས་ཆོས་ཤིག་ཡིན་ལ། བོད་མི་རིགས་ཀྱི་རྩེད་རིགས་བརྗོད་གཞི་བྱས་ཏེ། རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་འདུ་ཤེས་བརྒྱུད་བསྒྲགས་བྱས་ཡོད་པས། དེ་སྔོན་ཀྲུང་གོའི་ཞབས་བྲོ‘མེ་ཏོག་པདྨ་རྟགས་མའི’མིང་ཐོའི་ཁྲོད་ཚུད་པ་སོགས་བྱ་དགའ་མང་བོ་ཐོབ་མྱོང་། ཐེངས་འདིའི་བརྩམས་ཆོས་གཉིས་དུས་མཉམ་དུ་གདམ་ཐོན་བྱུང་བ་དེས། མཚོ་སྔོན་གྱིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲོང་སྐྱོབ་བྱས་ཏེ། སྒྱུ་རྩལ་གསར་གཏོད་ཀྱི་ཕྱོགས་ལ་ནུས་ཤུགས་འདོན་པར་སྐུལ་འདེད་བྱས་པ་མཚོན་ཡོད་ལ། མཚོ་སྔོན་གྱི་རིག་གནས་ཤུགས་རྐྱེན་ནུས་པ་རྒྱ་ཁྱབ་དུ་གཏོང་ཆེད། རིག་གནས་སྒྱུ་རྩལ་ལས་རིགས་ཀྱི་དར་རྒྱས་གོང་འཕེལ་ལ་གསོན་ཤུགས་གསར་པ་བསྣན་ཡོད།