ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་བཀོད་ནས《མེས་ཡུན་ཆུ་མཛོད་ཀྱི་ཆུ་ཁུངས་སྲུང་སྐྱོབ་སྲོལ་ཡིག》ཁྱབ་བསྒྲགས་གནང་བ།

ཡོང་ཁུངས། ཤིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མཚན་བཀོད་དེ། 《མེས་ཡུན་ཆུ་མཛོད་ཀྱི་ཆུ་ཁུངས་སྲུང་སྐྱོབ་སྲོལ་ཡིག》ཁྱབ་བསྒྲགས་གནང་བ་དང་།  2025ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

སྲོལ་ཡིགགིས་མེས་ཡུན་ཆུ་མཛོད་ཀྱི་ཆུ་ཁུངས་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། མེས་ཡུན་ཆུ་མཛོད་བཞུར་རྒྱུད་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཆུ་ཁུངས་མང་པོར་གཅིག་གྱུར་འཆར་འགོད་བཅས་བྱས་ཏེ་རྒྱལ་སའི་ཆུའི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་དམིགས་ཡུལ་དུ་བཟུང་ཡོད།   《སྲོལ་ཡིགལ་བསྡོམས་པས་དོན་ཚན29ཡོད་པ་དང་། གཙོ་བོ་གཤམ་གྱི་ནང་དོན་ཁག་གཏན་འབེབས་བྱས་ཡོད།

གཅིག་ནི་སྤྱིའི་བླང་བྱ་གཏན་འབེབས་གསལ་བོ་བྱས་ཡོད། མེས་ཡུན་ཆུ་མཛོད་ཀྱི་ཆུ་ཁུངས་སྲུང་སྐྱོབ་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ནས། སྲུང་སྐྱོབ་གཙོར་འཛིན་པ་དང་། སྲུང་སྐྱོབ་དང་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ།  མགོ་ཁུངས་ལ་ཚོད་འཛིན་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། ཁུལ་ཁོངས་མཐུན་སྦྱོར་མཉམ་སྒུལ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ་ཆུ་ཁུངས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་བཅས་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་དགོས་པར་མ་ཟད། མེས་ཡུན་ཆུ་མཛོད་བཞུར་རྒྱུད་ཀྱི་ཞོད་འགོག་སོགས་གནོད་འགོག་གནོད་སེལ་གནོད་སྐྱོབ་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ་དང་ཟུང་འབྲེལ་བྱེད་དགོས།

གཉིས་ནི་སྒྲིག་གཞིའི་ནང་རྐྱེན་བཙུགས་ནས་འཐུས་ཚང་དུ་གཏོང་དགོས། པེ་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཧི་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རོགས་ལས་དམ་ཟབ་བྱས་ཏེ། མེས་ཡུན་ཆུ་མཛོད་ཀྱི་ཆུ་ཁུངས་སྲུང་སྐྱོབ་བྱེད་པའི་སྤྱིའི་ཇུས་གཞི་མཉམ་དུ་གཏན་འབེབས་བྱེད་དགོས། མེས་ཡུན་ཆུ་མཛོད་བཞུར་རྒྱུད་ཀྱི་ས་གནས་མི་དམངས་སྲིད་གཞུང་གིས་རང་གི་སྲིད་འཛིན་ཁུལ་ཁོངས་ནང་གི་མེས་ཡུན་ཆུ་མཛོད་སྲུང་སྐྱོབ་བྱ་བར་འགན་འཁུར་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པར་མ་ཟད། ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་དགོས།

གསུམ་ནི་སྲུང་སྐྱོབ་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། འབག་བཙོག་འགོག་བཅོས་ལ་ཤུགས་བསྣན་ནས་མེས་ཡུན་ཆུ་མཛོད་བཞུར་རྒྱུད་དུ་ཁྲིམས་ལྟར་སྒོ་ཕྱུགས་དང་ཁྱིམ་བྱ་བཀག་གསོ་ཁུལ་དབྱེ་འབྱེད་བྱེད་པ་དང་། རྩ་འཛུགས་བྱས་ཏེ་ཞིང་ལས་ཐད་ཀྱི་འབག་བཙོག་ཕྱོགས་བསྡུས་བཅོས་སྐྱོང་དང་། གྲོང་ཚོའི་འཚོ་བའི་གད་སྙིགས་དང་ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་ལས་དོན་སྤེལ་དགོས། སྐྱེ་ཁམས་སྲུང་སྐྱོབ་སླར་གསོར་ཤུགས་བསྣན་ནས་སླར་གསོ་བྱེད་ཐབས་སྤྱོད་པ་དང་ཆུ་ཕུང་གི་རང་འདག་ནུས་པ་མཐོར་འདེགས་གཏོང་དགོས། ཆུ་ལམ་དང་འགྲམ་རྒྱུད་ཀྱི་དོ་དམ་ལག་བསྟར་ནན་མོ་བྱས་ཏེ། མེས་ཡུན་ཆུ་མཛོད་ཀྱི་དོ་དམ་ཁྱབ་ཁོངས་སོགས་དང་དེ་མིན་དོ་དམ་ཁྱབ་ཁོངས་ཕྱིའི་རྨིད་བརྒྱ་དང་རྨིད་སྟོང་གི་ཁྱབ་ཁོངས་སུ་ལག་བསྟར་བྱེད་མི་ཆོག་པའི་བྱ་སྤྱོད་གཏན་འབེབས་གསལ་བོ་བྱས་ཡོད།

བཞི་ནི་ལྟ་སྐུལ་དོ་དམ་དང་ཁྲིམས་བསྟར་ནན་མོ་བྱེད་དགོས། ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། སྡེ་ཁག་གི་མཉམ་འབྲེལ་ཁྲིམས་བསྟར་དང་ཆ་འཕྲིན་མཉམ་སྤྱོད་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། མེས་ཡུན་ཆུ་མཛོད་ཀྱི་ཆུ་ཁུངས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་བའི་ནག་ཉེས་དུས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པ། ཁུལ་ཁོངས་མཉམ་འབྲེལ་ཁྲིམས་བསྟར་ལ་སྐུལ་འདེད་བཏང་སྟེ་ཁྲིམས་བསྟར་ཚད་གཞི་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས།

ལྔ་ནི་སྲིད་ཇུས་ཀྱི་འགན་སྲུང་ལ་ཤུགས་སྣོན་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་མེས་ཡུན་ཆུ་མཛོད་བཞུར་རྒྱུད་ཀྱི་ལྗང་མདོག་འཕེལ་རྒྱས་ཐད་ཀྱི་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པར་མ་ཟད། སྤྱི་བའི་ཐོན་ཁུངས་བཀོད་སྒྲིག་དང་ལྗང་མདོག་ཐོན་ལས་བཀོད་སྒྲིག་སོགས་ཀྱི་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས། དངུལ་རྩའི་སྡེ་ཁག་གིས་མེས་ཡུན་ཆུ་མཛོད་བཞུར་རྒྱུད་ཀྱི་ལྗང་མདོག་འཕེལ་རྒྱས་དང་འཚམ་པའི་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་པར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་དགོས། པེ་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཧི་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གྲོས་མོལ་བྱས་ཏེ་ས་ཁུལ་བར་གྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ནང་རྐྱེན་འཛུགས་དགོས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་ལུགས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་རྒྱབ་སྐྱོར་བྱེད་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།