ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གིས་ཚེས13ཉིན་འཚོགས་པའི་བརྙན་ལམ་བཀོད་གཏོང་ཚོགས་འདུར་མགོ་འཛིན་གནང་སྟེ། “སྟོན་གསུམ”གྱི་ཐོན་སྐྱེད་བྱ་བར་བཀོད་སྒྲིག་བྱས། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་དང་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་ནས་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ནན་ཏན་གྱིས་ཁུར་ནས། ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ནམ་འཐིབས་ཆར་འབབ་ཀྱི་ཤུགས་རྐྱེན་མཐའ་གཅིག་ཏུ་ཁྱད་བསད་བྱས་ཏེ། ནུས་ཤུགས་ཡོད་རྒུས་གནོད་འགོག་བྱས་པ་དང་སྟོན་འབྲུ་ལ་ལོ་ལེགས་འབྱུང་བར་བརྩོན་ལེན་བྱས་ཏེ། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ལས་འགན་གྱི་དམིགས་འབེན་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས།
ལིའུ་གོ་ཀྲུང་གིས་བསྟན་དོན། ཉེ་ཆར་ཧོང་ཧོའེ་ཧའེ་ས་ཁུལ་རྒྱུན་མཐུད་འཐིབ་ཆར་གནམ་གཤིས་གྱིས“སྟོན་གསུམ”ཐོན་སྐྱེད་ལ་ཤུགས་རྐྱེན་ཅུང་ཆེན་པོ་བཟོས་ཡོད་པས། སྟོན་འབྲུ་བསྡུ་རུབ་དང་། ཉོ་སྒྲུབ། སྟོན་དགུན་གྱི་འབྲུ་འདེབས་བཅས་ཀྱི་ལས་དོན་སོ་སོར་ཐབས་བརྒྱ་ཇུས་སྟོང་གིས་དམ་འཛིན་ཡག་པོ་བྱེད་དགོས། དགོས་མཁོ་ཆེ་བའི་ཞིང་ལས་འཕྲུལ་ཆས་དང་ཡོ་བྱད་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤུགས་རྐྱེན་ཐེབས་པའི་ས་ཁུལ་གྱིས་ལས་སྒྲུབ་འབྲུ་རིགས་བསྡུ་བར་རྒྱབ་སྐྱོར་བྱེད་པ་དང་། དུས་ཐོག་ཏུ་འབྲུ་རིགས་སྐམ་པ། ཞིང་ལས་འཕྲུལ་ཆས་འཁོར་སྐྱོད་དང་། སྣུམ་སྤྱོད། ཞིབ་བཤེར་བཟོ་བཅོས་སོགས་ཀྱི་ཞབས་ཞུའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་ཞིང་པས་འབྲུ་རིགས་བདེ་བླག་ངང་བཙོང་བར་འགན་ལེན་བྱེད་དགོས། སྟོན་དགུན་དུས་ཀྱི་འབྲུ་རིགས་འདེབས་འཛུགས་ལ་དམ་འཛིན་བྱས་ཏེ། ས་བོན་དང་རྫས་ལུད་སོགས་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ཁྱིམ་ལ་དགུན་གྲོའི་བརླན་འགོག་འདེབས་འཛུགས་སོགས་ལག་རྩལ་གྱི་བྱེད་ཐབས་དོན་འཁྱོལ་བྱེད་པར་མཛུབ་ཁྲིད་བྱས་ཏེ། དུས་ཡུན་འོས་འཚམ་དང་འབོར་ཚད་འདང་ངེས་ཀྱི་འདེབས་འཛུགས་བྱེད་པར་ཁག་ཐེག་བྱེད་དགོས།
ལིའུ་གོ་ཀྲུང་གིས་ནན་གྱིས་བསྟན་དོན། མིག་སྔར་སྟོན་འབྲུ་དང་སྟོན་འདེབས་ཀྱི་གནད་འགག་གི་དུས་སྐབས་ཡིན་པས། ས་གནས་སོ་སོས་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་། གནོད་འགོག་དང་སྟོན་འབྲུ་ལོ་ལེགས་བརྩོན་ལེན་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་ཏེ། གནམ་གཤིས་ལྟ་ཞིབ་ཚད་ལེན་དང་སྔོན་ཟོན་དང་། གནོད་སྐྱོབ་མ་དངུལ་འགན་ལེན། འགན་བཅོལ་སྐྱིན་ཚབ་ཐག་གཅོད་ཞབས་ཞུ། དྲིལ་སྒྲོག་ཁྲིད་སྟོན་སོགས་ཀྱི་ལས་དོན་ཏན་ཏིག་ངང་ལེགས་པོར་བསྒྲུབ་ཏེ།“སྟོན་གསུམ”གྱི་ཐོན་སྐྱེད་བྱ་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས། །