རང་རྒྱལ་གྱི་སྡོད་ཁང་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་གྱུར་བ།

ཡོང་ཁུངས། ཤིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་ཉི་ཧུང་གིས་ཚེས11ཉིན་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི“སྤུས་ཚད་མཐོ་བའི་སྒོ་ནས་ལོ་ལྔའི་འཆར་གཞི་བཅུ་བཞི་པ་ལེགས་འགྲུབ་བྱུང་བའི”མུ་འབྲེལ་བརྗོད་དོན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ནས་ངོ་སྤྲོད་བྱས་དོན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་མི་དམངས་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་གྱུར་ཡོད། 

ཉི་ཧུང་གིས་བཤད་རྒྱུར།"ལོ་ལྔའི་རིང་ང་ཚོས་མི་དམངས་མང་ཚོགས་བདེ་སྐྱིད་ངང་འཚོ་བ་རོལ་བའི་གཞི་གནས་ཏེ“བདེ་སྡོད”དམ་འཛིན་ཡག་པོ་བྱས་ཏེ། ས་ཁང་ཁྲོམ་རའི་མཁོ་སྤྲོད་འབྲེལ་བར་འགྱུར་ལྡོག་ཆེན་པོ་བྱུང་བའི་གནས་བབ་གསར་པ་དང་བསྟུན་ནས། ས་ཁང་བདག་ཁོངས་ཀྱི་སྲིད་ཇུས་དུས་ཐོག་ཏུ་ལེགས་སྒྲིག་ལེགས་སྒྱུར་བྱས་ཏེ། ཁང་པ་སྤྲོད་པའི་འགན་ལེན་གྱི་འགག་སྒྲོལ་ལས་དོན་བློ་བརྟན་འགྱུར་མེད་ངང་ཡག་པོར་བསྒྲུབ་པ་དང་། ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཇེ་མགྱོགས་སུ་བཏང་བ། འགན་སྲུང་རང་བཞིན་གྱི་སྡོད་ཁང་མཁོ་སྤྲོད་ཇེ་མང་དུ་བཏང་བ། གྲོང་ཁྱེར་ནང་གི་གྲོང་ཚོ་དང་གྲོང་ཁྱེར་གྱི་ཁང་པ་རྙིང་པ་བསྒྱུར་བཀོད་བྱེད་པར་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བདེ་འཇགས་དང་། བག་ཕེབས། ལྗང་མདོག ཤེས་རིག་བཅས་ཀྱི་ཁང་པ་ལེགས་པོ་འཛུགས་སྐྲུན་བྱེད་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་གཞི་རྩའི་སྡོད་ཁང་དགོས་མཁོ་དང་སྣ་མང་ཅན་གྱི་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས།

གྲོང་ཁྱེར་གྱི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་བའི་ཐད་ཉི་ཧུང་གིས་ངོ་སྤྲོད་བྱས་དོན།“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་རྒྱལ་ཡོངས་ཀྱི་བསྡོམས་པས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་ཁྲི24ལྷག་བསྒྱུར་བཀོད་བྱས་ནས། ཁྱིམ་ཚང་ཁྲི4000ལྷག་དང་མི་དུང་ཕྱུར1.1ལ་ཕན་པ་ཐོབ། གློག་སྐས་ཁག་ཆ་ཁྲི12.9ཁ་སྣོན་སྒྲིག་སྦྱོར་བྱས་པ་དང་། རླངས་འཁོར་འཇོག་ས་ཁྲི340ལྷག་དང་། རྒན་གསོ་གསོ་སྐྱོང་སོགས་སྡེ་ཁུལ་ཞབས་ཞུ་སྒྲིག་བཀོད་ཁྲི6.4ཇེ་མང་དུ་བཏང་བ་དང་། ཆུ་མཁོ་འདོན་དང་། འབར་རླངས། དྲོད་འདོན་སོགས་ས་འོག་སྦུ་གུ་སྤྱི་ལེ་ཁྲི84གསར་བརྗེས་སྒྱུར་བཅོས། “ཁུག་མའི་སྤྱི་གླིང”ཁྲི1.8ལྷག་བསྐྲུན་པ་དང་། གྲོང་ཁྱེར་ཀྱི་ལྗང་ལམ་སྤྱི་ལེ་ཁྲི2.5བསྐྲུན།

དེ་དང་ཆབས་ཅིག སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་བཏང་ཡོད། ང་ཚོས་སྡོད་ཁང་དང་ས་ཁང་བདག་ཁོངས་ཀྱི་མངའ་ཁོངས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་མ་དཔེ་གསར་པ་མགྱོགས་མྱུར་ངང་འཛུགས་པ། སྡོད་ཁང་མཁོ་སྤྲོད་མ་ལག་འཐུས་ཚང་དུ་གཏོང་བ། ས་ཁང་བདག་ཁོངས་གསར་སྤེལ་དང་། མ་དངུལ་བསྡུ་སྒྲིལ། ཕྱིར་འཚོང་སོགས་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་བཅོས་སྒྱུར་འཐུས་ཚང་དུ་གཏོང་བ་དང་། མི་དང་། ཁང་པ། ས་གནས། དངུལ་བཅས་ཀྱི་རྒྱུ་རྐྱེན་གཙོ་བོ་མཉམ་འགུལ་གྱི་ལམ་སྲོལ་གསར་པ་བཙུགས། "ཉི་ཧུང་གིས་བཤད་རྒྱུར། ལོ་ལྔའི་རིང་རང་རྒྱལ་གྱིས་གྲོང་ཁྱེར་འཛུགས་སྐྲུན་གྱི་མངའ་ཁོངས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་ཁྱེར་ཀྱི་གཟུགས་བཤེར་དང་གྲོང་ཁྱེར་གསར་སྒྱུར་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། གྲོང་ཁྱེར་འཛུགས་སྐྲུན་དང་གཉེར་སྐྱོང་། མ་དངུལ་བསྡུ་སྒྲིལ་གྱི་མ་ལག་གསར་པ་འཛུགས་པ། གྲོང་ཁྱེར་གྱི་ནུས་ཆེའི་བཅོས་སྐྱོང་གི་མ་དཔེ་གསར་པ་འཛུགས་པ། གྲོང་ཁྱེར་དང་འཚམ་པའི་སྲིད་ཇུས་ལམ་ལུགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མ་ལག་ཆགས་པར་འབད་བརྩོན་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།