ཁྲི་ཀའི་མཁའ་དབྱིངས་ཡུལ་སྐོར་གནམ་གྲུ་ཐོག་མ་འཕུར་མགོ་བརྩམས་པ།

ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

ཉེ་སྔོན། ཁྲི་ཀ་རྫོང་གིས་གྱེན་འཕུར་གནམ་གྲུ་ལས་བར་སྣང་ཡུལ་སྐོར་ཉམས་ལེན་ལས་གཞི་གསར་དུ་བཏོན་ཞིང་། གྱེན་འཕུར་གནམ་གྲུའི་འུར་སྒྲ་དང་མཉམ་དུ་ལས་གཞི་དངོས་སུ་ལས་གཉེར་བྱེད་མགོ་བརྩམས་པ་དང་། ཡུལ་སྐོར་བའི་ཉེན་སྲུང་ཉོ་བ་དང་གསལ་བརྡའི་ཡི་གེ་འབྲི་བ། པ་སེ་ཉོ་བ་སོགས་ཀྱི་བརྒྱུད་རིམ་ཚང་མ་བརྒྱུད་རྗེས་གོ་རིམ་ལྡན་པའི་ངང་གནམ་གྲུར་བསྡད་དེ་མཁའ་དབྱིངས་ནས་རྨ་ཀླུང་རིང་མོའི་གཟི་ཉམས་དང་ཁྲི་ཀའི་མཚལ་ལྗོངས་ཀྱི་མཛེས་སྡུག་ལ་རོལ་མྱོང་བྱེད་སའི་ཡུལ་སྐོར་མཐོང་སྣེ་གསར་བ་ཞིག་རྙེད་པ་རེད།

ཀུང་ཏུང་གི་ཡུལ་སྐོར་བ་ཀྲུང་ཧྲའོ་ཧུའེ་ཡིས་བཤད་རྒྱུར། དེ་རིང་ནི་ང་རིང་ཐེངས་དང་པོར་ཁྲི་ཀ་རྫོང་དུ་ཡོང་བ་ཡིན་ལ། སྟབས་ལེགས་པ་ཞིག་ལ་གྱེན་འཕུར་གནམ་གྲུ་ལས་གཞིའི་མགོ་རྩོམ་ཉིན་མོ་དང་འཕྲད་པས། མཁམ་དབྱིངས་སུ་མཛེས་ལྗོངས་ལ་བལྟས་ན་དངོས་ནས་ངོ་མཚར་བ་ཞིག་རེད། ངས་རྨ་ཀླུང་རིང་མོའི་ཁུག་སོ་རེ་རེ་དང་ཚོན་མདངས་རྣམ་པར་བཀྲ་བའི་བྲག་དམར་ས་གཤིས། ད་དུང་ཞིང་ཁྱིམ་དང་ཞིང་ས་གྲུ་བཞི་མཐོང་དུས། རི་ཆུའི་རི་མོ་ཡིད་དུ་འོང་བ་ཞིག་ངའི་མིག་མདུན་དུ་བཤམ་པ་དང་མཚུངས་ཤིང་། གནམ་གྲུ་ལས་བབས་ནས་ད་ལྟའི་བར་དུ་ངའི་ཁྱིམ་མི་ཚང་མས་ཐེངས་འདིའི་ཉམས་ལེན་གྱི་མྱོང་ཚོར་ཧ་ཅང་སྐྱིད་པར་འདོད་ཡོད། ང་ཚོར་གནམ་འོག་རྨ་ཆུ་ཁྲི་ཀའི་ཡུལ་ན་དྭངས་ཞེས་པ་དེ་མིང་དོན་མཚུངས་པ་ཞིག་ཡིན་པ་རྟོགས་སུ་བཅུག་ལ། ཁྲི་ཀ་རྫོང་ནི་ཡུལ་སྐོར་ལ་ཡོང་རིན་ཡོད་པའི་ས་ཆ་ཞིག་ཡིན་པས་ངའི་འདི་ནས་ཡུལ་སྐོར་བ་མང་པོ་གནས་འདིར་ཡུལ་སྐོར་དུ་ཡོང་བར་རེ་འབོད་བྱས་པ་ཡིན་ཟེར། 

ཁྲི་ཀ་རྫོང་ཏུ་ཡོན་རིག་གནས་ཡུལ་སྐོར་ཐོན་ལས་མ་གཏོང་འཕེལ་རྒྱས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ཝང་ཀྲི་པིན་གྱིས་བཤད་རྒྱུར། དེ་རིང་། ཁྲི་ཀའི་མཁའ་དབྱིངས་འཕུར་བསྐྱོད་ཡུལ་སྐོར་གནམ་གྲུའི་ཐོག་དང་པོའི་འཕུར་བསྐྱོད་ཚོད་ལྟ་ལེགས་འགྲུབ་བྱུང་ཞིང་། མཁའ་དབྱིངས་འཕུར་བསྐྱོད་ཡུལ་སྐོར་གྱིས་ཁྲི་ཀ་རྫོང་དང་དྭངས་གཙང་རྨ་ཆུའི་ལྗོངས་ཁུལ་ལ་འགྱུར་ལྡོག་བྱུང་དུ་བཅུག་ཡོད་པ་མ་ཟད། ལྗོངས་ཁུལ་ལ་མཐོང་སྣེ་མི་འདྲ་བ་ཞིག་གསར་དུ་བསྣན་ཏེ། ང་ཚོའི་ལྗོངས་ཁུལ་ལ་གསོན་ཤུགས་གསར་བ་བསྣན་ཞིང་། ཟུར་མི་འདྲ་བ་ནས་ཡུལ་ལྗོངས་ལ་བལྟ་བ་འདིའི་ཁྲི་ཀའི་རང་བྱུང་ཡུལ་ལྗོངས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེས་ཆེར་བཏང་ཡོད་ལ། མ་འོངས་བར། ང་ཚོའི་ལྗོངས་ཁུལ་སྔར་ལས་མང་པོ་དང་འབྲེལ་མཐུད་བྱས་ནས་ཡུལ་སྐོར་བར་ཁྲི་ཀའི་མཛེས་ཉམས་མི་འདྲ་བ་ཞིག་སྟོན་རྒྱུ་ཡིན་ཞིང་། མཁའ་དབྱིངས་འཕུར་བསྐྱོད་ཡུལ་སྐོར་གྱིས་སྲོལ་རྒྱུན་ལྗོངས་ཁུལ་གྱི་ཚབ་བྱས་པ་མ་ཡིན་པར་ཁྲི་ཀའི་མཛེས་སྡུག་མི་སྔར་ལས་མང་པོའི་མིག་མདུན་དུ་བཀྲམས་ཏེ། ས་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་བསྣན་པ་རེད།

ཐེངས་འདིར་མཁའ་དབྱིངས་ཡུལ་སྐོར་ལས་གཞི་ལག་བསྟར་བྱས་པ་དེའི་ཁྲི་ཀའི་ཡུལ་སྐོར་ཐོན་ལས་ལ་ནུས་ཤུགས་གསར་བ་བསྣན་པ་མ་ཟད། མཁའ་དབྱིངས་ལྟ་སྐོར་ལས་རིགས་ཀྱི་སྟོང་ཆ་བསྐངས་ལ། མ་འོངས་པར། ཁྲི་ཀ་རྫོང་གིས་ཡུལ་སྐོར་ཐོན་རྫས་རིམ་སྤར་ཐད་མུ་མཐུད་དུ་ཤུགས་སྣོན་པ་དང་། ཉམས་ལེན་ཕུན་སུམ་ཚོགས་པ་དང་ཞབས་ཞུ་སྔར་ལས་སྤུས་ལེགས་མཁོ་འདོན་བྱས་ནས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་སྟེ། ཁྲི་ཀའི་ཡུལ་སྐོར་གྱི་གསེར་གྱི་མིང་བྱང་དེ་མཁའ་དབྱིངས་དཔལ་འབྱོར་གྱི་ཚ་རླབས་ཁྲོད་སྔར་ལས་འོད་མདངས་འཚེར་པར་བྱས་ནས། རྫོང་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཐོ་ཚད་གསར་བ་ཞིག་ཏུ་སླེབས་པར་རོགས་འདེགས་བྱས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།