ཟླ10པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་རྐང་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་འགྲིམ་འགྲུལ་རྐང་འཛིན་ལྗང་མདོག་ཐོན་ལས་ཀུང་ཟིའི་ཁོངས་གཏོགས་གུང་ཧོ་ཐཱན་མེད་ཞབས་ཞུའི་ཁུལ་འགྲེམ་པའི་འོད་ནུས་ལས་གཞིས་ལྗང་མདོག་གློག་རྡུལ་དཔང་ཡིག་ཐོག་མ་བདེ་བླག་ངང་བླངས། འདི་ནི་ད་ལོར་ལས་གཞི་འདི་བདེ་བླག་ངང་འཁོར་རྒྱུག་ཐུབ་པ་ནས་ཡིག་ཚགས་ཐོ་འགོད་དང་བརྒྱུད་རིམ་ཧྲིལ་བོར་བཤེར་འབེབས་བྱས་རྗེས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་ལ། རང་ཞིང་གིས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། དངོས་ཡོད་རང་བཞིན་གྱི་དོན་སྙིང་ལྡན་པའི་འགག་རྩའི་གོམ་པ་སྤོས་པ་མཚོན།
ལྗང་མདོག་གློག་རྡུལ་དཔང་ཡིག་ནི་རྒྱལ་ཁབ་ནུས་ཁུངས་གཙོ་གཉེར་སྡེ་ཁག་གིས་ཚད་གཞི་ནན་མོར་དམིགས་ནས་བཀྲམ་པའི་དབང་ཟིལ་ཅན་གྱི་དཔང་རྟེན་ཡིན་ལ། བསྐྱར་སྐྱེ་ཐུབ་པའི་ནུས་ཁུངས་ཀྱི་གློག་འདོན་ལས་གཞིའི་ཁོར་ཡུག་རིན་ཐང་གི་གཞུང་ཕྱོགས་བདེན་དཔང་ཡིན། གུང་ཧོ་ཞབས་ཞུའི་ཁུལ་འོད་ནུས་ལས་གཞིར་ལྗང་མདོག་གློག་རྡུལ་དཔང་ཡིག་ཐོབ་པ་དེས་གཞུང་ཕྱོགས་ནས་ཐཱན་མེད་ཀྱི་ངོ་བོ་གཏན་འཁེལ་བྱས་པར་མ་ཟད། ལས་གཞིའི་གོ་རིམ་རྗེས་མ་ལྗང་གློག་ཚོང་དོན་ཁྲོད་ཞུགས་པ་དང་། རྒྱལ་ཡོངས་ཐཱན་ཁྲོམ་རར་སྦྲེལ་མཐུད་བྱེད་པ། སྐྱེ་ཁམས་ཕན་འབྲས་དེ་དཔལ་འབྱོར་ཕན་འབྲས་སུ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་བཅས་ལ་དཔང་རྟེན་གྱི་འདེགས་སྐྱོར་གཙོ་བོ་འདོན་སྤྲོད་བྱས།
མཚོ་སྔོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་ཞབས་ཞུའི་ཁུལ་གྱི་གྲས་ནས་སྔོན་ལ་འོད་ནུས་དྲ་སྦྲེལ་མངོན་འགྱུར་བྱས་པར་མ་ཟད་ལྗང་མདོག་གློག་རྡུལ་དཔང་ཡིག་བླངས་པའི་ལས་གཞི་ཡིན་པའི་ཆ་ནས། གུང་ཧོ་ཐཱན་མེད་ཞབས་ཞུའི་ཁུལ་གྱིས་ཚད་འཇལ་ཐུབ་ལ་ཁུངས་འདེད་ཐུབ་པའི་ལག་ལེན་གྱི་གྲུབ་འབྲས་ལ་བརྟེན་ནས། ཐཱན་མེད་ཞབས་ཞུའི་ཁུལ་འཛུགས་སྐྲུན་གྱི་ཐབས་ལམ་ལ་ཞིབ་བཤེར་བྱས་ཏེ། འགྲིམ་འགྲུལ་དང་ནུས་ཁུངས་གསར་པ་མཉམ་འབྲེལ་གྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཐད་དཔྱད་གཞིའི་རིན་ཐང་ལྡན་པའི་དངོས་དཔང་གི་གཞི་འཛིན་ས་འདོན་སྤྲོད་བྱས།