ཟླ10པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་འཛམ་གླིང་བུད་མེད་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་བརྗོད་དོན་གསུང་བཤད་གནང་།
ཟླ10པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་འཛམ་གླིང་བུད་མེད་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་བརྗོད་དོན་གསུང་བཤད་གནང་།
སྟོན་དུས་སུ་ནམ་མཁའ་དྭངས། རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ཀྱི་ཚོགས་རར་རྒྱལ་ཁབ་ཁག་གི་རྒྱལ་དར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆས་གཞི་ཁྱོན་ཆེ་ཞིང་བརྗིད་ཉམས་ལྡན་པའི་རྣམ་པ་གྲུབ་ཡོད།
ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལིས་ཡོན་རྣམ་གཉིས་ཀྱིས་ཚོགས་ཞུགས་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་བཟའ་ཟླ་དང་བྱམས་བརྩེའི་ངང་ཕྱག་འཇུ་གནང་བར་མ་ཟད་དྲན་རྟེན་སྐུ་པར་བསྐྱོན།
སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས《པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་གྱི་དགོངས་དོན་དར་སྤེལ་བཏང་ནས་བུད་མེད་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་གསར་པ་ཇེ་མགྱོགས་སུ་གཏོང་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་བརྗོད་དོན་གསུང་བཤད་གནང་།
ཞི་ཅིན་ཕིང་གིས་བུད་མེད་ནི་མིའི་རིགས་ཀྱི་ཤེས་རིག་གསར་སྐྲུན་བྱེད་མཁན་དང་སྐུལ་འདེད་གཏོང་མཁན། རྒྱུད་འཛིན་མཁན་བཅས་གལ་ཆེན་ཡིན་པས། བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། ལོ་ངོ30ཡི་སྔོན་ལ། པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་གྱིས“བྱ་སྤྱོད་དངོས་ལ་བརྟེན་ནས་འདྲ་མཉམ་དོན་གཉེར་དང་། འཕེལ་རྒྱས་དང་ཞི་བདེ་བརྩོན་ལེན་བྱེད་པའི”བླ་ན་མེད་པའི་དམིགས་འབེན་གཏན་ལ་ཕབ་པ་དང་། ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི《པེ་ཅིང་བསྒྲགས་གཏམ》དང《འགུལ་སྤྱོད་རྩ་འཛིན》ལ་གྲོས་འཆམ་བྱུང་སྟེ། ཕོ་མོ་འདྲ་མཉམ་དེ་དུས་རབས་ཀྱི་གྲོས་རིམ་ནང་བཅུག་ནས་འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱིས་དེའི་ཆེད་དུ་མུ་མཐུད་དུ་འབད་འཐབ་བྱ་རྒྱུར་སྐུལ་མ་བཏང་། ལོ་ངོ30རིང་ལ། པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་གྱི་དགོངས་དོན་གྱི་མཛུབ་སྟོན་འོག་ཏུ། འཛམ་གླིང་གི་བུད་མེད་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ལ་བཀྲག་མདངས་བསྣན། ཕོ་མོ་འདྲ་མཉམ་བརྩོན་ལེན་བྱ་རྒྱུ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དུ་གྱུར་ཡོད། བུད་མེད་ལ་དབང་ཆ་སྤྲོད་པའི་ཐད་ཡར་རྒྱས་མངོན་གསལ་དོད་པོ་བྱུང་བ་དང་བུད་མེད་ལ་སློབ་གསོ་ཐོབ་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཏེ་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་འཚོ་བ་བཅས་ཀྱི་ཁྲོད་སྔར་ལས་གལ་འགངས་ཆེ་བའི་ནུས་པ་ཐོན་བཞིན་ཡོད། ཕུལ་བྱུང་བུད་མེད་འབོར་ཆེན་ཞིག་རྒྱལ་སྤྱིའི་གར་སྟེགས་སྟེང་བསྐྱོད་དེ་ངོ་མཚར་ཆེ་བའི་མི་ཚེའི་གཏམ་རྒྱུད་བྲིས་པ་དང་བློ་གྲོས་ཀྱི་སྟོབས་ཤུགས་འབུལ་བཞིན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་མིག་སྔར་བུད་མེད་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྔར་བཞིན་རྙོག་འཛིང་ཆེ་བའི་འགྲན་སློང་དང་འཕྲད་ཡོད་པས། ཕོ་མོ་འདྲ་མཉམ་ཡོང་བར་ལས་འགན་ལྕི་ལ་ལམ་ཐག་རིང་བོ་ཞིག་ཡོད། མ་འོངས་པར་རྒྱང་ལྟ་བྱས་ན། ཕྱོགས་སོ་སོས་པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་གྱི་ཐོག་མའི་བསམ་འདུན་བསྐྱར་དྲན་བྱས་ཏེ། བུད་མེད་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་གསར་པ་ཇེ་མགྱོགས་སུ་གཏོང་ཆེད་ཁྱབ་རྒྱ་ཆེ་བའི་ཐུན་མོང་གི་ངོས་འཛིན་སྔར་ལས་གཅིག་སྡུད་དང་། སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་ཐབས་ལམ་བསྐྲུན་པ། སྔར་ལས་དངོས་སྒྲུབ་ཀྱི་བྱ་སྤྱོད་སྤེལ་བ་བཅས་བྱེད་དགོས། དེའི་ཐད་ཞི་ཅིན་ཕིང་གིས་གྲོས་འགོ་བཞི་བཏོན་པ་སྟེ། དང་པོ། མཉམ་དུ་བུད་མེད་འཚར་ལོངས་དང་འཕེལ་རྒྱས་ལ་ཕན་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་བཟུང་ནས་འཛམ་གླིང་གི་ཞི་བདེར་སྲུང་སྐྱོང་བྱེད་དགོས། ཟིང་འཁྲུག་གདོང་ཐུག་དང་དབུལ་ཕོངས་གནོད་འཚེ་ཕོག་ཁུལ་གྱི་བུད་མེད་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། དྲག་ཤུགས་ལ་ངོ་རྒོལ་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་ནས་བུད་མེད་ལ་དམིགས་པའི་དྲག་ཤུགས་ཀྱི་བྱ་སྤྱོད་མཐའ་དག་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས།
གཉིས་པ། བུད་མེད་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་མོ་མཉམ་དུ་བསྐྱེད་དགོས། འཛམ་གླིང་སྟེང་གི་བུད་མེད་འཕེལ་རྒྱས་དོ་སྙོམས་མིན་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། བུད་མེད་ཡོངས་ལ་དཔལ་འབྱོར་འཛམ་གླིང་ཅན་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་བུད་མེད་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་ནུས་པ་བསྩལ་ཏེ། རྒྱ་ཆེའི་བུད་མེད་ཚོས་འཛམ་གླིང་དེང་རབས་ཅན་གྱི་རླབས་རྒྱུན་ཁྲོད་མི་ཚེར་མཚར་སྡུག་ལྡན་པ་དང་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་དགོས།
གསུམ་པ། བུད་མེད་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པའི་བཅོས་སྐྱོང་རྣམ་པ་མཉམ་དུབསྐྲུན་དགོས། ལམ་ལུགས་དང་བཅའ་ཁྲིམས་འཐུས་ཚང་དུ་བཏང་ནས། བདེ་ཐང་དང་སློབ་གསོའི་ཐོན་ཁུངས་སྤུས་ལེགས་སྔར་ལས་མང་པོས་བུད་མེད་ཡོངས་ལ་ཕན་འདོགས་པ་དང་། རྒྱ་ཆེའི་བུད་མེད་རྣམས་ལ་སྔར་ལས་ཕྱོགས་ཡོངས་དང་དྲང་གཞག་གི་སྒོ་ནས་ཁེ་དབང་ལོངས་སྤྱོད་བྱེད་དུ་འཇུག་དགོས། དཀྱེལ་ཡངས་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་པ་དང་། བུད་མེད་སྲིད་ཞུགས་སྲིད་གླེང་ཁྲོད་ཞུགས་པའི་ཐབས་ལམ་རྒྱ་བསྐྱེད་པ། བུད་མེད་རྒྱ་ཁྱབ་ངང་རྒྱལ་ཁབ་དང་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ནས། ཕོ་མོ་འདྲ་མཉམ་དེ་སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་གྱི་ཐུན་མོང་ངོས་འཛིན་དང་བྱ་སྤྱོད་ཀྱི་ཚད་གཞི་རུ་འགྱུར་བར་བྱེད་དགོས།
བཞི་པ། འཛམ་གླིང་ཡོངས་ཀྱི་བུད་མེད་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་རྩོམ་དགོས། བུད་མེད་ཀྱིས་དུས་རབས་ཀྱི་འགན་འཁྲི་འཁུར་རྒྱུར་རྒྱབ་སྐྱོར་བྱས་ནས། འཛམ་གླིང་བཅོས་སྐྱོང་ནང་ཞུགས་ཏེ་བཅོས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུད་མེད་ཀྱི་དགོས་མཁོར་དོ་ཁུར་སྔར་ལས་མང་པོ་བྱས་ཏེ། རྒྱལ་ཁབ་ཁག་གི་བུད་མེད་ཚོར་ཡངས་ཤིང་རྒྱ་ཆེ་བའི་མཉམ་ལས་ཀྱི་སྟེགས་བུ་བསྐྲུན་ནས། མཛེས་སྡུག་དང་ཐུན་མོང་གི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་གྲུབ་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོས་བུད་མེད་བྱ་གཞག་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་ལག་ལེན་ནང་མཉམ་འདྲེས་བྱ་རྒྱུ་རྒྱུན་འཁྱོངས་བྱས་པར་བརྟེན། བུད་མེད་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ཀྲུང་གོའི་བུད་མེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད“གནམ་ཀྱི་ཕྱེད་ཀ”ལྟ་བུའི་ནུས་པ་དངོས་སུ་འདོན་བཞིན་ཡོད། ཀྲུང་གོས་རང་ངོས་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་བུད་མེད་བྱ་གཞག་འཕེལ་རྒྱས་གཏོང་བར་གོ་སྐབས་དང་འགན་སྲུང་ཧུར་ཐག་སྒོས་མཁོ་འདོན་བྱས་ཏེ། རྒྱལ་སྤྱིའི་བུད་མེད་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བཞིན་ཡོད། མ་འོངས་པའི་ལོ་ལྔའི་ནང་ཀྲུང་གོ་ཕྱོགས་ཀྱིས་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ཧྲུའུ་ལ་ཨ་སྒོར་བྱེ་བ་གཅིག་ཞལ་འདེབས་འབུལ་རྒྱུ་དང་། འཛམ་གླིང་གི་འཕེལ་རྒྱས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་ཐེབས་རྩའི་འབོར་ཚད་ཨ་སྒོར་དུང་ཕྱུར1མཁོ་འདོན་བྱས་ཏེ། རྒྱལ་སྤྱིའི་རྩ་འཛུགས་དང་མཉམ་ལས་བྱས་ནས་བུད་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ལས་ལས་གཞི་ལག་བསྟར་བྱ་རྒྱུ་དང་། དམངས་འཚོ་འཕེལ་རྒྱས་ཁྱབ་ཁོངས་སུ“ཆུང་ཞིང་མཛེས་པའི”རྣམ་གྲངས1000ལ་རོགས་སྐྱོར་བྱེད་པ། བུད་མེད་ཁྲི་ལྔ་ཀྲུང་གོར་ཡོང་ནས་སྤེལ་རེས་དང་ཟབ་སྦྱོང་བྱེད་པར་གདན་འདྲེན་ཞུ་བ། “འཛམ་གླིང་བུད་མེད་ནུས་པ་འཛུགས་སྐྱོང་ལྟེ་གནས”བཙུགས་ནས་བུད་མེད་ཀྱི་ཕུལ་བྱུང་ཤེས་ལྡན་པ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་རྒྱུ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་མཇུག་ཏུ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་ལངས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་སོ་སོ་དང་མཉམ་དུ། པེ་ཅིང་གི་འཛམ་གླིང་བུད་མེད་ཚོགས་འདུའི་དགོངས་དོན་རྒྱུན་འཛིན་དང་དར་སྤེལ་བཏང་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་དམིགས་འབེན་ལ་ཕྱོགས་པ་དང་། བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བའི་འཕེལ་རིམ་གསར་པ་ཇེ་མགྱོགས་སུ་བཏང་སྟེ། མིའི་རིགས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་བསྐྲུན་དགོས་ཞེས་ནན་གྱིས་གསུངས།
འཁྱགས་གླིང་གི་སྲིད་འཛིན་ཐོ་མ་སི་ཏུའོ་ཏི་ཨར་དང་ཏོ་སྨི་ཉི་ཁེའི་སྲིད་འཛིན་པོ་ཏུན། ཀག་ནའི་སྲིད་འཛིན་མ་ཧ་མ། མོ་ཙམ་པི་ཁེའི་ཙུང་ལི་ལའེ་ཝེ། སི་རི་ལན་ཁའི་ཙུང་ལི་ཨ་མཱ་ལ་སུའུ་ལི་ཡ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མིང་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་བུད་མེད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་སུ་བཞེས་མཁན་པ་ཧུའུ་སི་བཅས་ཀྱིས་ཤིས་ཚིག་ཕུལ། ཁོ་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་རྩེ་ཚོགས་གཙོ་སྒྲུབ་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཀྲུང་གོས་བཏོན་པའི་གྲོས་འགོ་དང་བྱེད་ཐབས་ལ་དགའ་བསུ་ཞུས། ཕྱོགས་སོ་སོས་ནན་གྱིས་བསྟན་དོན། ལོ30ཡར་སྔོན་ལ། པེ་ཅིང་འཛམ་གླིང་བུད་མེད་ལྷན་ཚོགས་སྟེང་གྲོས་འཆམ་བྱུང་བའི《པེ་ཅིང་གི་བསྒྲགས་གཏམ》དང《འགུལ་སྤྱོད་རྩ་འཛིན》ལ་དོན་སྙིང་གལ་ཆེན་ལྡན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་རྒྱ་ཆེར་ཐོབ་ཡོད། དེ་ནི་བུད་མེད་ཀྱི་བྱ་གཞག་མདུན་སྐྱོད་ལ་སྐུལ་འདེད་གཏོང་བའི་ལམ་ཐིག་རི་མོ་ལྟ་བུ་རེད། ཀྲུང་གོས་དབུལ་ཐར་དང་ཕོ་མོ་འདྲ་མཉམ་ཡོང་བར་སྐུལ་འདེད་གཏོང་བ། བུད་མེད་ཀྱི་ཁེ་དབང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་རྨད་དུ་བྱུང་བ་ཐོབ་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད། བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་བདེ་བླག་ངང་མངོན་འགྱུར་བྱུང་བའི་དུས་མཚུངས་སུ་འགན་འཁྲི་འཁུར་སེམས་དང་འགོ་ཁྲིད་ཀྱི་ནུས་པ་ཆེན་པོས་འཛམ་གླིང་གི་བུད་མེད་བྱ་གཞག་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། མིའི་རིགས་ཀྱི་ཤེས་རིག་དང་སྤྱི་ཚོགས་ཡར་ཐོན་ཁྲོད་བུད་མེད་ཀྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པ་དང་། ཕོ་མོ་འདྲ་མཉམ་དང་བུད་མེད་འཕེལ་རྒྱས་གཏོང་རྒྱུ་ནི་མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་འགག་རྩའི་རྒྱུ་རྐྱེན་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེངས་འདིའི་རྩེ་ཚོགས་འགོ་རྩོམ་ས་གསར་པར་བྱས་ནས། པེ་ཅིང་གི་འཛམ་གླིང་བུད་མེད་ཚོགས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་མཐུན་སྒྲིལ་ལ་ཤུགས་སྣོན་པ། མཉམ་ལས་ཟབ་སྤེལ། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་བཅས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཧྲིལ་པོའི་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།
ཉིན་དེའི་སྔ་དྲོར། ཞི་ཅིན་ཕིང་དང་ཕེང་ལིས་ཡོན་རྣམ་གཉིས་ཀྱིས་ཚོགས་ཞུགས་རྒྱལ་སྤྱིའི་སྐུ་མགྲོན་ཚོར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།
ཚའེ་ཆི་དང་ཝང་དབྱི། དབྱིན་ལི། ཐེ་ཉིན། ཧྲེན་ཡུའེ་ཡུའེ་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས།
ཧྲིན་དབྱི་ཆིན་གྱིས་འགོ་རྩོམ་མཛད་སྒོར་འགོ་འཛིན་བྱས།