ཞིང་ཆེན་མི་དོན་ཐིན་གྱིས་ངལ་ལས་ཟོང་རྟགས་བསྐྲུན་ནས་འཕང་འབྲས་ཐོན་ལས་ཀྱི་སྤུས་ཀ་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ་བཅུ་པར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འཕང་འབྲས་བཏོགས་པའི་ལས་ཀ་མཇུག་སྒྲིལ་ལ་ཉེ། ངལ་ལས་ཟོང་རྟགས་ཆུང་ཆུང་དེས་སྟོབས་ནུས་མང་པོ་སྦྱིན་པ་སྟེ། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱིས་ད་ལོར་བསྡོམས་པས་མི་ཐེངས་ཁྲི་བདུན་དང་སྟོང་ལྔ་བརྒྱད་བརྒྱ་རྩ་འཛུགས་བྱས་ནས་འཕང་འབྲས་བཏོགས་པའི་བྱ་བར་ཞུགས་པ་དང་། ཚོད་དཔག་བྱས་ན་ངལ་ལས་ཡོང་སྒོ་སྒོར་དུང་ཕྱུར་དྲུག་མངོན་འགྱུར་བྱེད་ཐུབ་ལ། མི་རེའི་ཆ་སྙོམས་ཀྱི་དུས་ཐུང་ཡོང་སྒོ་སྒོར་སྟོང་བརྒྱད་ལ་སླེབས་ཡོད་པས། དར་རྒྱས་གོང་འཕེལ་འགྲོ་བའི་ངལ་ལས་དཔལ་འབྱོར་གྱིས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་བར་མ་ཟད། ས་གནས་དེ་གའི་འཕང་འབྲས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ལྡན་སྒོས་འདེགས་སྐྱོར་བྱས།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་མི་དོན་ཐིན་དང་མཚོ་ནུབ་ཁུལ་མི་དོན་ཅུའུ་ཡིས་ནུས་ཤུགས་ཡོད་རྒུས་ཚ་འདམ་འཕང་འབྲས་བཏོགས་པའི་ངལ་ལས་ཟོང་རྟགས་གསར་སྤེལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཤར་ནུབ་རྒྱུད་ངལ་ལས་མཁོ་འདོན་སྦྲེལ་མཐུད་སྟེགས་བུ་བསྐྲུན་པ་བརྒྱུད། སྲིད་གཞུང་གིས་སྟེགས་བུ་བསྐྲུན་པ་དང་ཁྲོམ་རས་འཁོར་རྒྱུག་བྱེད་པའི་རྣམ་པ་སྤྱད་ནས། འཕང་འབྲས་འདེབས་འཛུགས་བྱེད་མཁན་དང་ངལ་ལས་ཚབ་གཉེར་བ། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་ཁུངས་བཅས་ཀྱི་མཉམ་ལས་ལ་ནུས་ལྡན་སྒོས་ཤུགས་བསྣན་པས། རོང་འབྲོག་མང་ཚོགས་ཀྱི་བསྒྱུར་སྤོ་ལས་ཞུགས་ཡོང་འབབ་འཕར་སྣོན་ཡོང་བ་དང་འཕང་འབྲས་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་མི་ཤུགས་ཐོན་ཁུངས་ཀྱི་རྒྱབ་སྐྱོར་བརྟན་པོ་འདོན་སྤྲོད་བྱས་པར་མ་ཟད།  ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྒྱུན་མཐུད་སྒུལ་ཤུགས་བསྣན།

ངལ་ལས་ཚབ་གཉེར་བས་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་ཕྱོགས་ཀྱི་ནུས་པ་ལེགས་པོར་འདོན་ཆེད། མཚོ་སྔོན་ཞིང་ཆེན་གྱིས2019ལོའི་ཟླ7པར་མཚོ་སྔོན་ཞིང་ཆེན་གྱི་ངལ་ལས་ཚབ་གཉེར་བའི་སྐུལ་སློང་ཞབས་ཞུའི་གནས་སྐབས་ལག་བསྟར་བྱེད་ཐབས་བཏོན་ནས། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་བསྒྱུར་སྤོ་ལས་ཞུགས་རྩ་འཛུགས་དང་སྣེ་ཁྲིད་བྱེད་མཁན་གྱི་ཚང་གཉེར་བར་རིགས་དབྱེ་རིམ་དབྱེའི་བྱ་དགའ་སྟེར་རྒྱུ་བྱས། དེའི་ཁྲོད། ཟླ་དྲུག་ཚུན་དང་། ཟླ་དྲུག་ནས་ལོ་གཅིག། ལོ་གཅིག་ཡན་བཅས་ཀྱི་ལས་ཞུགས་རྩ་འཛུགས་བྱས་ཚེ། སོ་སོར་མི་རེར་སྒོར་ལྔ་བཅུ་དང་། སྒོར་བརྒྱ། སྒོར་ཉིས་བརྒྱ་བཅས་ཀྱི་ཚད་གཞིའི་བྱ་དགའ་སྟེར་བར་མ་ཟད། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་ལས་ཞུགས་རྩ་འཛུགས་བྱེད་པའི་ཚབ་གཉེར་རྩ་འཛུགས་ཀྱི་བྱ་དགའི་ཚད་གཞི་འོས་འཚམ་སྒོས་ཇེ་མཐོར་བཏང་། སྲིད་ཇུས་དེས་ཚབ་གཉེར་བའི་རྩ་འཛུགས་དང་ལས་མི་བཀོལ་བའི་བརྩོན་སེམས་རང་བཞིན་ལ་སྐུལ་སློང་བྱས་པ་དང་། འཕང་འབྲས་བཏོག་པའི་དུས་ཚིགས་ཀྱི་ལས་མི་བཀོལ་སྤྱོད་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། 2024ལོར། ཚ་འདམ་འཕང་འབྲས་བཏོགས་པའི་ངལ་ལས་ཟོང་རྟགས་ཀྱིས་ཐད་ཀར་ཞིང་ཆེན་ཕྱི་ནང་གི་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་བརྒྱུད་སྤོ་ལས་ཞུགས་མི་ཐེངས་ཁྲི་དྲུག་དང་སྟོང་བརྒྱད་ཉིས་བརྒྱ་སྐུལ་ཁྲིད་བྱས་ནས། ངལ་ལས་ཡོང་འབབ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བཞི་ས་ཡ་དྲུག་བླངས། དེའི་ཁྲོད། ཞིང་ཆེན་ནང་ཁུལ་གྱི་ལས་མི་བཀོལ་བའི་ཚད་ཀྱིས་བརྒྱ་ཆའི་ཞེ་ལྔ་དང་གྲངས་ཆུང་དགུ་ཟིན་ལ། ཞིང་ཆེན་ཕྱིའི་ལས་མི་བཀོལ་བའི་ཚད་ཀྱིས་བརྒྱ་ཆའི་ང་བཞི་དང་གྲངས་ཆུང་གཅིག་ཟིན་པས། ཟོང་རྟགས་ནུས་པ་ཉིན་རེར་ཇེ་ཆེར་འགྲོ་བཞིན་ཡོད་ལ། ཁུལ་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་ཞིང་བའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་དུ་གྱུར་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།