མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10ཚེས13ཉིན། མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་བཞུགས་མོལ་ཚོགས་འདུ་དེ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་འདི་སྐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ཐད་བཏོན་པའི་སློབ་སྟོན་གལ་ཆེན་དང་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐའ་འཁྱོལ་བྱས་ཏེ། ཏང་གིས་སློབ་གསོ་ལས་དོན་ལ་ཕྱོགས་ཡོངས་ནས་སྣེ་ཁྲིད་པར་རྒྱུན་འཁྱོངས་ཐོག བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་འཐབ་ས་གལ་ཆེན་བེད་སྤྱོད་གང་ལེགས་བྱས་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་ཚད་ལྡན་དང་རྒྱུད་འཛིན་པ་ཡིད་བརྟན་ཅན་སྐྱེད་སྲིང་བྱ་དགོས་ཞེས་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་གྱིས་འདི་སྐད། མཐོ་རིམ་སློབ་གྲྭའི་སློབ་མ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཞུགས་མཁན་དང་བྱས་རྗེས་འཇོག་མཁན་ཡིན་པ་མ་ཟད། ར་སྤྲོད་མཁན་དང་ཁེ་ཕན་ཐོབ་མཁན་ཡང་ཡིན་པས་མི་ཚེ་ཞིག་གི་ཆེས་གནད་འགག་གི་དུས་ལ་འཁེལ་ཡོད། མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱིས་སློབ་མ་རྣམས་ལ་ཏང་གི་དྲིན་དྲན་པ་དང་། ཏང་གི་ཁར་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་ཕུགས་སེམས་དང་དད་འདུན་བརྟན་པོ་འཁྱོངས་བར་ཁྲིད་སྟོན་ཡག་པོ་བྱས་ཏེ། མི་སྒེར་གྱི་ཕུགས་སེམས་འཚོལ་སྙེག་བྱེད་པ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་བཅུག་ནས་མི་རིགས་བསྐྱར་དར་གྱི་འོས་འགན་ཁུར་དུ་འཁྱུར་ཐུབ་པའི་དུས་རབས་གསར་པའི་མི་ཞིག་ཏུ་འགྱུར་བར་འབད་པ་བྱ་དགོས། སློབ་མའི་མིག་རྒྱ་བསྐྱེད་པར་ཁྲིད་སྟོན་བྱས་ཏེ། ཀྲུང་གོ་རྒྱལ་ཁབ་ཀྱི་གནས་ཚུལ་ལ་སྟངས་འཛིན་ལེགས་པོ་དང་མཚོ་སྔོན་འཛིན་མའི་ཁྱོན་ལ་རྐང་ཚུགས་པའི་ལག་ལེན་ཁྲོད་དུ“རང་རློམ་བཞི”མུ་མཐུད་དུ་ཇེ་དྲག་ཏུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཁན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལག་ལེན་མཁན། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་མཁན་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱ་དགོས། སློབ་མའི་གཞན་ལས་ལྷག་པའི་ནུས་པ་དང་སྙིང་སྟོབས་སྐྱེད་སྲིང་ལ་ཁྲིད་སྟོན་བྱས་ཏེ། རང་རྟོགས་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་གོ་ཆ་བགོས་ནས་ཆེད་ལས་ཤེས་བྱ་དང་རང་བདག་གསར་གཏོད་གཉིས་ཟུང་དུ་འབྲེལ་ནས་ལག་ལེན་སྦྱོང་བརྡར་ཁྲོད་སྤྱི་ཚོགས་ལ་ཞབས་ཞུ་དང་རྒྱལ་ཁབ་ལ་སྲུ་ཞུ་བསྒྲུབ་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏང་དགོས། སློབ་མའི་ཕྲག་ཏུ་ཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲིར་ཁྲིད་སྟོན་ཡག་པོ་བྱས་ཏེ། ཕུགས་སེམས་ཡོད་ཅིང་། འགན་འཁྲི་ཁུར་ཕོད་པ། སྡུག་རུས་བསྐྱེད་ཐུབ་པ། འབད་བརྩོན་ཆེ་བ་བཅས་ཀྱི་དུས་རབས་གསར་པའི་ན་གཞོན་བཟང་པོ་ཞིག་བྱེད་པར་བརྩོན་ལེན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་མཚོ་སྔོན་གྱི་ལེའུ་འབད་པས་བརྩམ་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་གྱིས་འདི་སྐད། སློབ་གསོ་སྡེ་ཚན་གྱིས་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་འཛུགས་སྐྱོང་རྒྱུན་འཁྱོངས་དང་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གོ་ཆ་བགོ་བ་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བསམ་བློ་ཆབ་སྲིད་ཀྱི་སྤུས་རྟགས་སྐྱེད་སྲིང་ཧུར་ཐག་དང་། བསམ་བློ་ཆབ་སྲིད་འཛུགས་སྐྱོང་གི་ནང་དོན་ཆ་ནས་གོང་དུ་སྤེལ་བར་སྐུལ་འདེད་གཏང་དགོས། སློབ་གྲྭ་སོ་སོས་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་གསར་བརྗེ་དང་གསར་གཏོད་ལ་སྐུལ་འདེད་ལྷོད་མེད་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་བསམ་བློ་རང་བཞིན་དང་། གཞུང་ལུགས་རང་བཞིན། བློ་ཉེ་རང་བཞིན། དམིགས་འབེན་རང་བཞིན་མུ་མཐུད་ཇེ་དྲག་ཏུ་གཏང་དགོས། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་སློབ་གསོ་པ་ཞིག་གི་སྙིང་སྟོབས་བཟུང་སྟེ། སློབ་མའི་རྒྱས་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྐོར་གྱི་སློབ་གསོ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་བཅས་ལ་དམིགས་སུ་ཤུགས་བསྣན་ནས་སློབ་མའི་མཚར་ལོངས་ཁྲོད་ཀྱི་ལམ་སྟོན་པ་ཞིག་ཏུ་འགྱུར་དགོས་ཞེས་ནན་གྱིས་བསྟན།
མཚོ་སྔོན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་དང་། མཚོ་སྔོན་སློབ་ཆེན་མཱ་ཁེ་སི་རིང་ལུགས་སློབ་གླིང་། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་མཱ་ཁེ་སི་རིང་ལུགས་སློབ་གླིང་གི་འབྲེལ་ཡོད་བློ་མཐུན་དང་དགེ་རྒན། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ཀྱི་སློབ་མའི་འཐུས་ཚབ་སོ་སོ་ནས་གཏམ་བཤད།
ཝང་ཏ་ནན་གྱིས་གཙོ་སྐྱོང་གནང་ཞིང་། ཀྲུའུ་ཞིང་ཧྥེང་། དབྱང་ཀྲི་ཝན་བཅས་ཚོགས་འདུར་ཞུགས།
ཚོགས་ཐོག་ཏུ་ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་མཱ་ཁེ་སི་རིང་ལུགས་སློབ་གླིང་དང་། ཞིང་ཆེན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྱེད་པའི་ཞིབ་འཇུག་རྟེན་གཞི(དངོས་མང་བཤམས་སྟོན་ཁང་)། ཏང་གི་སློབ་གསོ་མྱོང་རོལ་ཁང་བཅས་ལ་རྟོག་ཞིབ་བྱས་ཤིང་། དེ་གར་ཐོབ་པའི་སློབ་ཁྲིད་དང་ཚན་ཞིབ་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། ཁོས་འདི་སྐད། སློབ་གསོ་དང་ཞིབ་འཇུག་གི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། མཉམ་འབྲེལ་གྱིས་དཔྱད་གཞི་གལ་ཆེན་གྱི་འགག་སྒོ་གཏོར་ནས་ལེ་ལག་ཚང་བའི་ཞིབ་འཇུག་འབྲས་བུ་འགྲུབ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ་གཙོ་བྱས་ཏེ་མི་རིགས་ཕན་ཚུན་བར་གྱི་འགྲོ་འོང་དང་འབྲེལ་འདྲིས། མཉམ་སྤེལ་ཐད་ཀྱི་ཞིབ་འཇུག་དང་བཤམས་སྟོན་ལས་ཀར་ཤུགས་བསྣན་དགོས་ཞེས་ནན་གྱིས་བསྟན་ནོ།།