མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་་རྒྱལ་ཁབ་ནུས་ཁུངས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་གཉེར་པ་གཞོན་པ་ཧྥུའུ་ཀྲིན་པང་དང་ཀྲུང་ཞིན་ཐའེ་ཧྥུའུ་ནུས་ཁུངས་ཚད་ཡོད་ཀུང་སིའི་རྐང་འཛིན་དབུ་གཙོ་ལིས་གོ་ཀྲུང་འཁོར་དང་བཅས་པར་ཐུག་འཕྲད་གནང་།
ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཧྥུའུ་ཀྲིན་པང་དང་ལིས་གོ་ཀྲུང་བཅས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་དང་ཀྲུང་ཞིན་ཐའེ་ཧྥུའུ་ནུས་ཁུངས་ཀུང་སིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོབ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མིག་སྔར་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་བློ་བརྟན་འགྱུར་མེད་སྒོས་མདུན་སྐྱོད་བྱེད་བཞིན་ཡོད་ལ། སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི“བཅས་མགྱོགས་པོར་བསྐྲུན་ནས་ ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་གྱི་ལག་ལེན་ཁྲོད་སྲ་ཞིང་བརྟན་པའི་གོམ་སྟབས་གསར་པ་སྤོ་བཞིན་ཡོད། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་དང་ཀྲུང་ཞིན་ཐའེ་ཧྥུའུ་ནུས་ཁུངས་ཀུང་སིས་མ་འོངས་པར་ཁ་ཕྱོགས་ནས་གོ་སྐབས་དམ་འཛིན་གྱིས་ནུས་ཁུངས་ལས་གཞི་འཛུགས་སྐྲུན་དང་ནུས་ཁུངས་གཙང་མ་གསར་སྤེལ། མཐོ་སྒང་གི་སྒྲིག་ཆས་སྒྲིག་བཟོ། རྣམ་པ་གསར་པའི་གསོག་ནུས། ལྗང་མདོག་རྩིས་ནུས་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས་མཚོ་སྔོན་བར་གྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། དགེ་མཚན་གསབ་རེས་དང་ཐོན་ཁུངས་མཉམ་སྤྱོད། གཉིས་ཕན་མཉམ་རྒྱལ་བཅས་མངོན་འགྱུར་སྔར་ལས་ལྷག་པར་རེ་བ་བཅངས་ཡོད། མཚོ་སྔོན་གྱིས་སྟོབས་ཤུགས་ཡོད་རྒུས་སྤུས་ལེགས་ཚོང་གཉེར་ཁོར་ཡུག་འདོན་སྤྲོད་བྱས་ནས། ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་སྟེ་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ངེས་ཡིན་ཟེར།
ཧྥུའུ་ཀྲིན་པང་དང་ལིས་གོ་ཀྲུང་གཉིས་ཀྱིས་མཚོ་སྔོན་དུ་ཁེ་ལས་འཕེལ་རྒྱས་བྱུང་བའི་གནས་ཚུལ་དང“ལོ་ལྔ་ཚན་བཅོ་ལྔ་པ“ཡི་རིང་གི་འཕེལ་རྒྱས་འཆར་འགོད་སྐོར་མཚམས་སྦྱོར་མདོར་བསྡུས་བྱས་པ་དང་། མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན། ཁོ་ཚོས་ཀྲུང་དབྱང་ཁེ་ལས་དང་རང་རང་གི་དགེ་མཚན་སྔར་ལས་ལེགས་པོར་བཏོན་ཏེ་མཚོ་སྔོན་གྱི་འཕེལ་རྒྱས་ཁྲོད་ཟབ་ཞུགས་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་བཀོད་སྒྲིག་ལ་འཆར་འགོད་བཟོ་བ། དངུལ་གཏོང་ཤུགས་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ལས་གཞི་སྔར་ལས་མང་པོ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཅས་བཏང་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བསྟན།
ཀྲང་ཅིན་ཀང་ཐུག་འཕྲད་ལ་ཞུགས།