མཚོ་སྔོན་ཞིང་ཆེན་གྱིས་འདམ་ར་སྲུང་སྐྱོང་བྱེད་པའི་ས་གནས་ཀྱི་ཚད་གཞི་གཉིས་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྨྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཆོག་མཆན་ཐོབ་པའི《འདམ་ར་དང་ཆུ་བྱར་མཉམ་བརྟག་མཉམ་དཔྱད་ལག་རྩལ་ཚད་གཞི》དང་《འདམ་ར་ཆུང་ངུ་ཉམས་གསོ་ལག་རྩལ་ཚད་གཞི》ཞེས་ས་གནས་ཀྱི་ཚད་གཞི་གཉིས་ཁྱབ་བསྒྲགས་བྱས། ཞིང་ཆེན་གྱི་འདམ་རའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་ལས་དོན་ལ་ཚན་རིག་དང་གཅིག་གྱུར་ལག་རྩལ་བརྩི་སྲུང་འདོན་སྤྲོད་བྱས་པ་དང་། དེས་ཞིང་ཆེན་གྱི་འདམ་རའི་དོ་དམ་ཞིབ་ཚགས་དང་ཚད་ལྡན་ཅན་གྱི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་བསླེབས་པ་མཚོན།

འདམ་རའི་ཐོན་ཁུངས་ཀྱི་ཞིང་ཆེན་ཆེ་ཤོས་ཤིག་ཡིན་པའི་ཆ་ནས། རང་ཞིང་གི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི712.88ཟིན་པ་དང་། རྒྱལ་ཡོངས་ཀྱི་འདམ་རའི་སྤྱིའི་རྒྱ་ཁྱོན་གྱི12.64%ཟིན་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་ན་ཡོད་པས། སྐྱེ་ཁམས་གནས་བབ་དམིགས་བསལ་ཡིན་ཞིང་གལ་ཆེན་པོ་ཡང་ཡིན་ལ། “ཀྲུང་ཧྭའི་ཆུ་མཛོད”ཀྱི་ནུས་པ་སྲུང་སྐྱོང་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་འགོག་སྲུང་སྲ་བརྟན་བསྐྲུན་པའི་ལྟེ་བའི་གཞི་རྟེན་ཞིག་ཡིན། ཐེངས་འདིའི་ཚད་གཞི་གཉིས་ནི་ཞིང་ཆེན་ནགས་ཚལ་རྩྭ་ས་ཅུའུ་འདམ་ར་དོ་དམ་ཁྲུའུ་དང་ཞིང་ཆེན་འདམ་ར་སྲུང་སྐྱོང་ལྟེ་གནས་ཀྱིས་མཚོ་སྔོན་སློབ་ཆེན་སོགས་ལས་ཁུངས་དང་མཉམ་འབྲེལ་ཐོག་བཟོས་པ་ཞིག་ཡིན་པ་དང་། མཐོ་སྒང་གི་འདམ་རའི་སྐྱེ་ཁམས་ཁྱད་ཆོས་ལ་གཞི་ཚུགས་ནས་བརྟག་དཔྱད་ཞིབ་འཇུག་དང་། རིགས་པས་ཁུངས་སྐྱེལ། འཐུས་ཚང་བཅས་རེས་སྐོར་མང་པོ་བརྒྱུད་མཐར་ཞིང་ཆེན་གྱི་དོན་དངོས་དང་མཐུན་པའི་ལག་རྩལ་གྱི་མ་ལག་ཚད་ལྡན་ཞིག་ཡིན།  

《འདམ་ར་དང་ཆུ་བྱ་དུས་མཉམ་བརྟག་དཔྱད་ལག་རྩལ་ཚད་གཞི》ཡི་ནང་བརྟག་དཔྱད་རྩ་དོན་དང་། ཇུས་གཞི་བཟོ་བ། གཞི་གྲངས་དོ་དམ་སོགས་ལྟེ་བའི་ནང་དོན་ཁ་གསལ་བཟོས་ནས་འཁོར་ཡུན་ཡོངས་ཀྱི་ལྟ་ཞིབ་མ་ལག་བཙུགས་པ་དང་དཔྱིད་དུས(ཟླ3ནས་ཟླ5བར་)དང་སྟོན་དུས་(ཟླ9ནས་ཟླ11བར་)གནས་སྤོས་དུས་སུ་ཟླ་རེར་ཉུང་མཐར་ཡང་བརྟག་དཔྱད་ཐེངས1དང་། སྐྱེ་འཕེལ་དུས་(ཟླ5ནས་ཟླ་8བར་)བརྟག་དཔྱད་ཐེངས་གཉིས། དགུན་དུས་བརྟག་དཔྱད་ཐེངས1བཅས་བྱེད་དགོས་པ་གཏན་འབེབས་བྱས། ཚད་གཞི་དེས་ཐད་ཀར་གྲངས་བགྲང་ཐབས་དང་། ཁུལ་དབྱེ་ཐད་གྲངས་ཐབས་སོགས་ཚན་རིག་དང་མཐུན་པའི་བརྟག་དཔྱད་བྱེད་སྟངས་སྤྱད་དེ་གཙོ་གནད་ཐོག་རྒྱལ་ཁབ་ཀྱི་སྤྱི་གླིང་དང་ཆུ་བྱ་དཀོན་པོའི་རིགས་ཀྱི་འཚོ་གནས་སོགས་འགག་རྩའི་ས་ཁོངས་སུ་ཁྱབ། ཚད་གཞི་ལག་བསྟར་བྱས་པ་དེས་ཆུ་བྱའི་ཐོན་ཁུངས་ཀྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་ཡང་དག་རང་བཞིན་ནུས་ལྡན་ངང་ཇེ་ཆེར་ཕྱིན་ནས་ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེའི་འདབ་ཆགས་སྲུང་སྐྱོང་བྱ་བ་གནད་ལ་འཁེལ་བའི་གཞི་གྲངས་ཀྱི་འདེགས་སྐྱོར་མཁོ་འདོན་ཐུབ་རྒྱུ་རེད། 《འདམ་ས་ཕྲ་ཆུང་ཉམས་གསོ་བྱེད་པའི་ལག་རྩལ་ཚད་གཞི》ནང་རྒྱ་ཁྱོན་སྨི་གྲུ་བཞི་མ600ནས་སྨི་གྲུ་བཞི་མ80000བར་གྱི་ཉམས་ཞན་འདམ་ས་ཕྲ་ཆུང་ཉམས་གསོ་བྱ་བར་དམིགས་ཏེ། དེ་གོང་ཁྱབ་བསྒྲགས་བྱས་པའི《འདམ་ར་ཆུང་ངུ་ངོས་འཛིན་ཚད་གཞི》དང་ཕན་ཚུན་གསབ་རེས་བྱས་ནས་འདམ་ར་ཆུང་ངུ་དོ་དམ་མ་ལག་ཐུན་མོང་ཐོག་འཐུས་ཚང་དུ་བཏང་། ཚད་གཞིར“ས་གནས་ཀྱི་གནས་ཚུལ་དང་བསྟུན་པ་དང་། སྐྱེ་ཁམས་སྔོན་སྤེལ། ནུས་པ་འབུར་ཐོན་བཅས་ཀྱི་ལྟེ་བའི་རྩ་དོན་གཏན་འཁེལ་བྱས་ཏེ། རྣམ་པ་ཉམས་གསོ་དང་། རྨང་གཞིའི་ཇུས་འགོད། ངོགས་ཁུལ་འཛུགས་སྐྲུན། རྩི་ཤིང་འདེམས་སྡེབ་སོགས་འགག་རྩའི་གོ་རིམ་ཁ་གསལ་བཟོས་པ་མ་ཟད། དམིགས་འབེན་མི་འདྲ་བར་དམིགས་ནས་ལག་རྩལ་གྱི་བླང་བྱ་ཞིབ་ཕྲ་བཟོས་པ་དང་། ས་མཐོའི་འདམ་ར་ཆུང་ངུའི་སྐྱེ་ཁམས་ནུས་པ་སླར་གསོ་ལ་བཀོལ་སྤྱོད་ཐུབ་པའི་ལག་རྩལ་ཐབས་ལམ་མཁོ་འདོན་བྱས།

ས་གནས་ཀྱི་ཚད་གཞི་གཉིས་ཁྱབ་བསྒྲགས་བྱས་པ་ནི་ཞིང་ཆེན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདམ་ར་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་དང་འདམ་རའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ།《མཚོ་སྔོན་ཞིང་ཆེན་གྱི་འདམ་ར་སྲུང་སྐྱོང་འཆར་འགོད(2024ལོ་ནས་2030ལོ་བར)》དང་འབྲེགིྱིས་འདམ་ར་སྲུང་སྐྱོང་ཚད་གཞི་ཁག་རྩ་བ་ཚུགས་པར་མུ་མཐུད་སྐུལ་འདེད་བཏང་ནས་ཚད་ལྡན་ཅན་གྱི་དོ་དམ་ལ་བརྟེན་ནས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྐྱེ་ཁམས་བདེ་འཇགས་ལ་རོགས་རམ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་འགོག་སྲུང་མུ་མཐུད་སྲ་བརྟན་དུ་གཏང་རྒྱུ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།