ཀྲུང་དབྱང་བརྙན་འཕྲིན་གྱི《ཡར་བརྩོན་གྱི་ཀྲུང་གོ ང་ཚོའི“ལོ་ལྔ་ཚན་བཅུ་བཞི་བ”》ཞེས་པའི་ལེ་ཚན་ནང་མཚོ་སྔོན་དམིགས་སུ་གླེང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བ·ཆུ་འགོའི་གསར་འགྱུར་འཕྲིན་སྟེགས་ཀྱིས་སྤེལ་བའི་འཕྲིན།  ནུས་ཁོངས་གཙང་མའི་གློག་འདོན་ཚད་རྒྱལ་ཡོངས་ཀྱི་དང་པོར་ཟིན་པའི་ལྗང་གློག་གི་ངོ་མཚར་བྱས་རྗེས་ནས་ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཁྱུའི་གྲངས་འབོར་སླར་གསོ་བྱུང་བའི་སྐྱེ་ཁམས་རྒྱུགས་གཞི་བར་དང་།  འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་འདབ་ལག་འཕེལ་བ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དྲོད་སྐྱིད་ལྡན་པའི་ལག་ལེན་བར་དུ་་་་

ཁ་སང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིCCTV-13གསར་འགྱུར་འཕྲིན་ལམ་གྱི《ཡར་བརྩོན་གྱི་ཀྲུང་གོ ང་ཚོའི“ལོ་ལྔ་ཚན་བཅུ་བཞི་བ”》ཞེས་པའི་ཆེད་སྒྲིག་ལེ་ཚན་ནང་ཧ་ལམ་སྐར་ཆ40ཡི་ནང་དུ་མཚོ་སྔོན་དམིགས་སུ་གླེང་སྟེ།   མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བཏོད་རྒྱུ་སྣེ་ཁྲིད་དང་། ཐོན་ལས་ཀྱི“གནས་བཞི”བསྐྲུན་པ་མདུན་ལམ་དུ་བརྩིས་ཏེ།   རྒྱལ་ཡོངས་ཀྱི་བཀོད་པ་ཆེན་པོའི་ནང་མ་སྐུལ་རང་རྟོགས་ཀྱིས་ཞུགས་ནས་ཞབས་འདེགས་ཞུས་པ་དང་།  མཚོ་བོད་མཐོ་སྒང་གི་སྣོད་བཅུད་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ཐད་གྲུབ་འབྲས་གསར་པ་བླངས།

དེ་རིང་།  ང་ཚོས་མཉམ་དུ“ལོ་ལྔ་ཚན་བཅུ་བཞི་བ”ཡི་ཚུན་ལ།  མཚོ་སྔོན་གྱིས་ཕུལ་བའི་སྤུས་ཚད་མཐོ་བའི་རྒྱུགས་གཞི་ཁྲོད་ཀྱི་ཟི་ལིང་གི་ལན་ཆ་དེ་དག་གླེང་བར་བྱ།

མཐོ་སྒང་གི་བསིལ་གྲང་སྔོ་ཚད་རྒྱལ་ཕྱིར་གཏོང་ཚད་དེ་མེད་པ་ནས་ཏུན་སྟོང་ལ་འཕར་བའི་དམིགས་འབེན་མངོན་འགྱུར་བྱས། 

ལྗང་ནེམ་ནེམ་གྱི་ལྷ་ཚལ་དང་ཁུར་དུ་དུད་པའི་གྲོ་མ་གྲུ་ཚལ་ཞིང་གི་བར་ན་ཞིང་པ་རྣམས་ཀྱིས་འབུད་འཐོག་དང་དབྱེ་འབྱེད།  ཐུམ་རྒྱག་པའི་ལས་ལ་བྲེལ་ཞིང་།    སྐྱེལ་འདྲེན་རླངས་འཁོར་འགྲོ་འོང་བྱེད་པ་སོགས་ཚ་ཚ་འུར་འུར་གྱི་བྲེལ་གསེང་ཁྲོད་ན་སྔོ་ཚལ་སོས་པ་ཞིང་ཆེན་ཕྱིར་བསྐྱལ་དང་སྐྱེལ་བཞིན་ཡོད།  ཚུལ་འདི་ནི་ཅིན་དབྱང་གྲོང་རྡལ་གྱི་རྟ་ཐང་ཧུའེ་ཧྥེང་ཅིན་དབྱང་སྔོན་ཚལ་རྟེན་གཞི་རུ་མངོན།   ས་མུའུ1200ཡི་ས་ཞིང་དེ་ཡུའེ་ཀང་ཨའོ་མཚོ་ཁུག་ཆེན་པོ་ས་ཁུལ་གྱི“ཚལ་སླེ”ཐོན་སྐྱེད་རྟེན་གཞི་ཡིན་པ་མ་ཟད།   ཉེ་འཁོར་ཞིང་དུད་ཀྱི་སྒོ་འགྲམ་གྱི“ཕྱུག་འགྱུར་ར་བ”ཡང་རེད། 

“རྟེན་གཞི་དེར་གཙོ་བོ་ལྷ་ཚལ་དང་། ཀྲོ་མ་ཀྲུ་སོགས་བསིལ་གྲང་སྔོ་ཚལ་བཅུ་ཕྲག་རིགས་ཡོད་ཅིང་། ལོའི་ཐོན་འབོར་ཏུན4000ལྷག་ལ་བསླེབས་པ་དང་། ཉིན་རེར་མ200ལྷག་གླ་དགོས་པ་དང་།  མི་རེར་ཉིན་རེར་གླ་ཕོགས120སྟེར་གྱི་ཡོད་པས།  ལས་པ་གྲལ་དག་ལ་སེམས་བདེ”ཞེས་རྟེན་གཞིའི་འགན་ཁུར་བ་ཅིན་ཧུང་ལི་ཡིས་གདེང་སེམས་ཆེན་པོས་དེ་ལྟར་བྱེད།  སྔོ་ཚལ་སོས་པ་དེ་དག་མཐར་ཀོང་ཀྲོའུ་དང་ཏུང་ཝན།  ཞང་ཀང་སོགས་ཡུའེ་ཀང་ཨའོ་ས་ཁུལ་གྱི་ཁྲོམ་རར་བསྐྱལ་ཏེ་ལྷོ་ཕྱོགས་ཀྱི་འཛད་སྤྱོད་པའི་ཟས་ཅོག་ཏུ་བཤམས་བཞིན་ཡོད།

 འཁྱགས་བསིལ་སྔོ་ཚལ་ཞེས་པ་ནི།  ཟླ5ནས10བའི་དབྱར་སྟོན་གྱི་དུས་སུ་མཚོ་འཕགས་མཐོ་ཤོས་དང་ཁ་དབུགས་བསིལ་གྲང་སྙོམས་པའི་ས་ཁུལ་དུ་ཐོན་སྐྱེད་བྱེད་པའི་སྔོ་ཚལ་ལ་ཟེར་བ་དང་། “དབྱར་སྟོན་སྔོ་ཚལ”དམ“དུས་ཡོལ་སྔོ་ཚལ”ཡང་ཟེར། དྲོད་ཚད17℃ནས25℃བར་དུ་སྐྱེས་པའི་སྔོ་ཚལ་ཡིན།   ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་ལ་བསིལ་གྲང་སྙོམས་པའི་གནམ་གཤིས་ཀྱི་དགེ་མཚན་མངའ་བས། ན་ནིང་“རྒྱལ་ཁབ་ཀྱི་བསིལ་གྲང་སྔོ་ཚལ་འདེབས་འཛུགས་ཁུལ་ལེགས་ཤོས”ཀྱི་མཚན་སྙན་བསྩལ། 2024ལོར་  སྔོ་ཚལ་རྒྱ་ཁྱོན་སྤྱི་ཆིང11333.3ལ་བཏབས་ཏེ།   ལས་ཀ་པ་ཁྲི10.16སྐུལ་ཁྲིད་བྱས་པ་དང་། སྟོན་ཚལ་དེ་དག་ཡུའེ་ཀང་ཨའོ་མཚོ་ཁུག་ཆེ་ཁུལ་དང་འབྲི་ཆུའི་ཟུར་གསུམ་ཁུལ་སོགས་ཞིང་ཆེན་དང་ཁུལ་བཅུ་ཕྲག་ལ་བསྐྱལ།

  མཐོ་སྒང་གི་སྣོད་བཅུད་སྲུང་སྐྱོབ་ཀྱི“མིང་བྱང་གསོན་ཉམས་ཅན”། གསའ12ཡིས་སྣེ་ཁྲིད་པའི་སྲོག་ཆགས་རིགས100ལྷག་གི་བདེ་སྡོད་རྣམ་པ། 

 “གསའ་གྲོང་ཁྱེར”ཞེས་སུ་གྲགས་པའི་ཟི་ལིང་རི་སྐྱེས་སྲོག་ཆགས་ར་བའི་ནང་དུ།  ངོ་གདོང་ཡག་བཅོས་དང་སོ་རྐང་གཤགས་བཅོས་བྱས་མྱོང་བའི་གསའ“ལིན་པུ་ཧྥུ”ཡིས་ཕྱོགས་བཞིར་མིག་གཡེང་བྱེད་ཅིང་།  རྩོལ་བྱུང་རྒྱུད་སྤེལ་བྱས་པའི་གསའ“འོ་ཞུའེ”ཡིས་མིས་བཟོས་རི་བྲག་བར་ན་རྒྱུ་བ་དང་། ལན་རེར་གཟིགས་མོར་ཕེབས་མཁན་གྱི་སྐུ་མགྲོན་ཕྱོགས་ལ་ལྟ།  གསའ་ཕྲུག“ལིན་ཞའོ་ཀྲེ”ཡིས་སྒྱུད་ལུག་ངང་ལོགས་བཀར་གསོ་བཅོས་ཁང་དུ་ཉལ་ནས་ཡོད་ཅིང་།  བརྙན་མིག་ལ“བསྐོང་ཙམ་བྱེད”། 

 ལིན་ཧྲུང་དང་ལིན་ཞ། ལིན་ཞའོ་ཞའོ་སོགས་ནི2017ལོ་ནས་བཟུང་མཚོ་སྔོན་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་ལྟེ་གནས་སྐྱོབ་བཅོས་བྱས་པའི་གསའ་ཡིན་ཞིང་། མིང་གི་ནང་དུ“凌”ཞེས་པའི་ཡི་གེ་བཞག་ཡོད།  ལོ་ངོ8ཀྱི་རིང་ལ།  བསྡོམས་པའི་གསའ12མྱུར་སྐྱོབ་ལྟེ་གནས་ཀྱིས་བསྐྱབས་ཤིང་། ལ་ལ་ཞིག་ཕྱིར་རང་བྱུང་ཁམས་དུ་བཏང་བ་དང་། ལ་ལ་ཞིག་ར་བའི་ནང་བཅུག    ཟི་ལིང་སྲོག་ཆགས་ར་བ་ནི་མིག་སྔར་རང་རྒྱལ་དང་ཐ་ན་འཛམ་གླིང་སྟེང་གི་གསའ་གསོ་སྤེལ་རྟེན་གཞི་གཅིག་པུ་ཡིན་ལ།   རྒྱལ་ཁབ་ནགས་རྩྭ་ཅུས་ཀྱིས་དེ་ལ་མཚོ་བོད་མཐོ་སྒང་གསའ་གསོ་སྤེལ་ཞིབ་འཇུག་རྒྱལ་ཁབ་ཀྱི་ཡུན་རིང་ཚན་ཞིབ་རྟེནགཞི་ཞེས་པའི་ཆོག་འཐུས་སྤྲད།

ཟི་ལིང་གི་རི་སྐྱེས་སྲོག་ཆགས་ར་བ་བཙུགས་ནས་བཟུང་།  ཁྱོན་བསྡོམས་མྱུར་སྐྱོབ་བྱས་པའི་གསའ་དང་། དགོ་དམར།  ཁྲུང་ཁྲུང་།   གོ་བ་སོགས་རི་སྐྱེས་སྲོག་ཆགས་རིགས62དང་མགོ་གྲངས2200ལྷག་ཉར་ཡོད་ཅིང་།  དེའི་ནང་གི1/3དྲག་སྐྱེད་བྱུང་ནས་ཕྱིར་བཏང་། 

རྒས་དུས་སྐྱོང་མཁན་ཡོད་པ་དང་ཆུང་དུས་གཉོར་མཁན་ཡོད་པའི་རྒན་གསོ་དང་བུ་བཅོལ་ཞབས་ཞུ་སྒོ་ཁར་གཉེར་བ།   སྔ་དྲོར་སྡོད་ཁུལ་གྱི་རྒན་བཅོལ་ཁང་དུ་སྟེགས་གྲུག་རྒྱག་པ་དང་།  ལུས་པོ་གསོ་བཅོས་བྱེད་པ།  ཉིན་གོང་རྒན་གཅེས་བདེ་སྐྱིད་གསོལ་ཁང་དུ་གོང་ཟས་རོལ་བ།  ཕྱི་དྲོར་སྡོད་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་ཕྱིན་ནས་ཁྲག་ཤེད་འཇལ་ཞིང་། འཆད་ཁྲིད་ལ་ཉན་པ་སོགས་གྲོང་དབུས་ཀྱི་རུའེ་ཁྲི་སྡོད་ཁུལ་གྱི་ལོ་ན85སོན་པའི་བགྲེས་པོ་ཁྲོའུ་ཀྲེན་ཞ་ཡི་ཉིན་རེའི་འཚོ་བ་དེ་འདྲ་རེད། 

ཁྱིམ་ནས་རྐང་ཐང་དུ་སྐར་མ15ཙམ་བསྐྱོད་ན་བསླེབས་ཐུབ་ཀྱི་ཡོད་པས་བགྲེས་པོ་རྣམས་ཀྱི་བདེ་སྐྱིད་འཚོ་བ་རང་རེད། 

བགྲེས་ཀྱང་ཉེ་དུ་མི་འབྲལ།  རྒན་གསོ་ཁྱིམ་དང་མི་འབྲལ།    ཟི་ལིང་གྲོང་ཁྱེར་གྱིས་སྡོད་ཁུལ་དང་ཞིང་གྲོང་གི་ད་ཡོད་ཐོན་ཁུངས་བེད་སྤྱོད་གང་ལེགས་བཏང་སྟེ།   རྒན་གཅེས་བདེ་སྐྱིད་གསོལ་ཁང་དང་། སྡོད་ཁུལ་ལྟ་སྐྱོང་ལྟེ་གནས།  སྨན་གསོ་མཉམ་འབྲེལ་མ་ལག་བཅས་འཛུགས་སྐྲུན་ཁྱབ་གདལ་དུ་བཏང་བ་དང་། “སྐར་མ15ཡི་ཞབས་ཞུ་ཁོར་ཡུག”བཏོད་དེ་རྒས་དུས་གཉོར་མཁན་ཡོད་ཅིང་བདེ་སྡོད་ཁམས་ཡངས་ཀྱི་འཚོ་སྡོད་ཁོར་ཡུག་མངོན་འགྱུར་བྱས། 

ཉེ་བའི་ལོ་རིང་ལ། ཟི་ལིང་གིས་སྔ་གཞུག་ཏུ་མ་དངུལ་དུང་ཕྱུར12.85བཏང་སྟེ།  ཁྱོན་བསྡོམས་རྒན་གསོ་ཞབས་ཞུ་སྒྲིག་ཆས764བསྐྲུན་པ་དང་། དེའི་ནང་རྒན་གསོ་ལས་ཁུངས25དང་། སྡོད་ཁུལ་གྱི་ཁྱིམ་སྤྱོད་དྲ་རྒྱའི་ཞབས་ཞུ་ཁག14། སྡོད་ཁུལ་གྱི་ཉིན་མོའི་བདག་སྐྱོང་ལྟེ་གནས138། ཞིང་གྲོང་བགྲེས་ཁྱིམ439། བདེ་སྐྱིད་གསོལ་ཁང148བཅས་འདུ།  རྫོང་དང་ཁུལ་རིམ་པའི་རྒན་གསོ་ཞབས་ཞུ་དཔེ་སྟོན་རྟེན་གཞི་དང་། གྲོང་ཁུལ་ཁྲོམ་སྲང་ཕྱོགས་བསྡུས་རྒན་གསོ་ཞབས་ཞུ་ལྟེ་གནས། སྡོད་ཁུལ་རྒན་གསོ་ཞབས་ཞུ་སྒྲིག་ཆས་སོགས་ཡོངས་གྲོང་ཁུལ་ལ་ཁེབས་ཤིང་།  བཀོད་སྒྲིག་དོ་མཉམ་པའི“སྐར་མ15ཡི་རྒན་གསོ་ཞབས་ཞུ་ཁོར་ཡུག”བསྐྲུན།     གཞན་ཟི་ལིང་གྲོང་ཁྱེར་གྱིས་རྒན་གསོ་ཞབས་ཞུའི་གསལ་ཐོ་དང་ཐོན་ཁུངས་མཛོད་བཙུགས་ཏེ། “རིམ་བགོས་རིགས་བགོས”ལྟར་དགོས་མཁོར་ཞབས་ཞུ་གནད་འཁེལ་བྱས་ནས་བགྲེས་པོའི་དགོས་མཁོ་སྣ་མང་ཅན་བསྐངས། ཞབས་ཞུའི་ཆུ་ཚོད24རིང་ལ་བསྲིངས་ཏེ།  བགྲེས་པོ་རྣམས་ལ་འཕྲལ་མྱུར་སྨན་ཁང་དུ་བསྐྱལ་བ་དང་སྨན་བསྐུར་ཞབས་ཞུ་འདོན་སྤྲོད་བྱས།   གྲོང་ཁྱེར་རིམ་པའི་རིག་ནུས་དམངས་སྲིད་ཆ་འཕྲིན་སྟེགས་བུ་བཙུགས་ཏེ།  “ཁར་པར་དུ་བསྒྲུབ་པ། ལག་མཐིལ་དུ་བསྒྲུབ་པ”པ་སོགས་བྱེད་ཐབས་སྤྱད་དེ།  དུས་ཐཽག་ཏུ་བགྲེས་པོར་དྲ་ཐོག་དང་དྲ་འོག་གཉིས་ཀའི་ཞབས་ཞུ་བཏོན་ནས་སྡོད་ཁུལ་གྱི་རྒན་གསོ་ཞབས་ཞུ་དགོས་མཁོ་ཕན་འབྲས་ཡོད་པའི་སྒོ་ནས་སྦྲེལ་མཐུད་དང་། དོ་དམ་གཏན་ལ་འཁེལ་ཞིང་ཕན་པར་སྐུལ་འདེད་བཏང་།

དེ་དང་མཉམ་དུ་རྒྱལ་ཡོངས་ཀྱི་བྱིས་སྐྱོང་ཞབས་ཞུ་དཔེ་སྟོན་གྲོང་ཁྱེར་སྐོར་ཁག་དང་པོའི་གྲོང་ཁྱེར་ཡིན་པའི་ཆ་ནས་ཟི་ལིང་གྲོང་ཁྱེར་གྱིས་བུ་བཅོལ་ཞབས་ཞུ་ལས་གཞི་ཁག47དང་། གཞུང་སྒྲུབ་བུ་བཅོད་ལས་གཞི་ཁག5བཅས་ཀྱི་ཕན་བདེ་ལག་བསྟར་བྱས་པ་དང་། བུ་བཅོལ་ཁང98དུ་བུ་བཅོལ་འཛིན་གྲྭ་བཀོད་སྒྲིག་དང་།   “ཆིན་མིའོ་བྱིས་གཉོར་མཚར་ལོངས་ས་ཚིགས”34འཛུགས་སྐྲུན་བྱས་ཏེ“སྐར་མ15ཡི”གྲོང་ཁྱེར་བུ་བཅོལ་ཞབས་ཞུ་ཁོར་ཡུག་ཧུར་ཐག་གིས་བསྐྲུན།  ད་སྔ་གྲོང་ཁྱེར་ཡོངས་སུ་བུ་བཅོལ་ཞབས་ཞུ་ལས་ཁུངས145ཡོད་ཅིང་།  བཅོལ་ས12110འདོན་སྤྲོད་ཐུབ་པ་དང་།  མི་སྟོང་རེའི་ནང་དུ་ལོ3མན་གྱི་བྱིས་པ་དམར་འབྱར་བཅོལ་ས4.88ཡོད་དོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།